རང་ལུས་མེ་བསྲེག་༢༩པ།
2012.03.16

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་རྣམ་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦་ ཉིན་སྤེལ་བའི་གནས་ཚུལ་ནང༌།
བོད་ནང་གི་དགོང་མོའི་དུས་ཚོད་ ༥ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༠ ། ཕ་མིང་ལ་ཡེ་ཤེས། མ་མིང་ལ་ཚེ་སྒྲོན་ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་ཡར་གོམ་བགྲོད་བྱེད་བཞིན་པའི་སྐབས་དེར་ཁོང་གི་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས་ཁོང་མར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་འདུག་ཀྱང་། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང་། རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་ནས་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་ལག་པ་གནམ་ལ་བཀྱགས་ནས་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་འདུག་པས་སྐབས་དེར་ཁོང་གྲོངས་མེད་པ་གསལ་པོ་ཤེས་རྟོགས་བྱུང་།
འོན་ཀྱང་ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་མ་བྱུང་། ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག
ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་རྗེས་སུ་ཕྱི་ལོ་༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་། གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག
དེ་རིང་སྔ་དྲོ་ནས་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག
དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢ ཉིན་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་ལྷ་བཟོ་བློ་གྲོས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་རྩ་བ་བྱུང་མེད་འདུག།