པདྨ་ཚེ་བརྟན་གྱི་སྒྱུ་རྩལ་དང་མང་ཚོགས་ནས་གུས་བཀུར།
བོད་ཕྱི་ནང་གི་བོད་རིགས་མང་པོས་གློག་བརྙན་ཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་བར་བློ་ཕམ་ཆེན་པོས་མྱ་ངན་ཞུ་བཞིན་པ་རེད། དེ་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཚེས༩ཉིན་ཐུགས་གསོ་གསུངས་འཕྲིན་ཞིག་བསྩལ་བའི་ནང་པདྨ་ཚེ་བརྟན་ལགས་གློ་བུར་དུ་ཚེ་ཡི་འཕེན་པ་རྫོགས་པའི་གནས་ཚུལ་འདི་འདྲ་ཞིག་ཡོང་རྒྱུ་བསམ་ཡུལ་ལ་མེད། བོད་ཀྱི་གློག་བརྙན་ལས་རིགས་ཁྲོད་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་ཁྲབ་ཁྲིད་པ་ཁོང་འདྲ་བ་སྔར་བྱུང་མྱོང་མེད་པ་ལྟ་བུ་རེད་ལ། ཁོང་མུ་མཐུད་བཞུགས་ན་ང་ཚོའི་མིག་ཡིད་ཀྱི་དགའ་སྟོན་དུ་འགྱུར་བའི་བོད་མི་རིགས་ཀྱི་འཚོ་བ་དངོས་དང་། ཆོས་རིག་གི་ཞག་རྩི་ལྡན་པའི་བརྩམ་བྱ་ཕུལ་བྱུང་མང་པོ་ཞིག་ཐོན་རྒྱུ་དང་། དེ་བཞིན་ཁོང་གིས་སྣེ་འཁྲིད་དང་། མིག་དཔེ་བཟང་པོ་ལ་བརྟེན་ནས། བོད་ཀྱི་གློག་བརྙན་ལས་རིགས་ཐད་མི་སྣ་ཕུལ་བྱུང་མང་པོའང་བསྐྱེད་བསྲིངས་ཐུབ་ངེས་ཡིན་མོད། ད་རེས་ཀྱི་གཏམ་ངན་དེས་ང་ཚོའི་སེམས་པ་འཁྱག་ལ་འབྱར་བཅུག་སོང་ཞེས་པདྨ་ཚེ་བརྟན་ལགས་ལ་དགའ་ཞེན་དང་ཡིད་སྨོན་མཁན་དག་གིས་སེམས་འཚོར་མཚོན་པ་བྱས་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། པདྨ་ཚེ་བརྟན་ཁོང་གི་གློག་བརྙན་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་དང་ཁོང་ལ་བོད་རིགས་ཚོས་གུས་བཀུར་དང་དགའ་ཞེན་ཆེ་བའི་རྒྱུ་མཚན་ཅི་ཡིན་གྱི་སྐོར་ཁོང་གི་དབྱིན་ཇི་སྐད་བསྒྱུར་བ་ཀྲིཏི་རྒྱལ་ལགས་དང་ཡང་པདྨ་ཚེ་བརྟན་ལགས་དང་ཕ་ཡུལ་གཅིག་པ་ཡིན་པ་དང་ཁོང་དང་ཆ་རྒྱུས་ཆེ་བའི་ཝི་ཇེ་ནེ་གཙུག་ལག་སློབ་ཆེན་གྱི་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་ཞུས་པ་གསན་རོགས་གནང་།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།