ནག་པོ་དགུ་སྦྱོར་ལེན་མཁན་ཧ་ཅང་མང་པོ་ཡོད་པ།
2020.02.10
༄༅༎བོད་ཀྱི་གནའ་རབས་གསོ་བ་རིག་པའི་གཞུང་ལུགས་ལས་བྱུང་བ།ནག་པོ་དགུ་སྦྱོར་དུ་འབོད་པའི་རིམས་སྲུང་རིལ་བུ་ཞིག བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཆེད།སྐབས་ཐོག་སྐབས་ཐོག་ཏུ་འགྲེམ་ཚོང་གནང་གི་ཡོད་པ་དང་འབྲེལ།སྤྱི་ཟླ་༢པའི་ཚེས་༡༠ཉིན་གྱི་ཞོགས་པར་ཡང་རིལ་བུ་དེ་ཚོང་བཞིན་པར་བཞུགས་སྒར་ཁུལ་དུ་གནས་སྡོད་བོད་མི་སེར་སྐྱ་མང་པོ་ཞིག རིལ་བུ་དེས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་པར་ཡིད་ཆེས་ཀྱི་ཐོག་ནས་བོད་མི་ཧ་ཅང་མང་པོས་སྔ་མོ་ནས་བང་བསྒྲིགས་ཏེ་རིལ་བུ་ཉོ་ཡི་འདུག་ཅིང་།ལྷག་པར་བོད་ཀྱི་གསོ་རིག་ནི་ནང་པའི་ཆོས་ལས་བསླེབས་པ་ཞིག་ཡིན་པས་རིལ་བུ་དེས་ན་ཚ་སྔོན་འགོག་ལ་ཡིད་ཆེས་གནང་གི་ཡོད་པ་རེད།
དགེ་འདུན་པ་དཀོན་མཆོག་སངས་རྒྱས་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་སུ་རིམས་ནད་ཀྱི་རིགས་ཡོང་སྐབས་སྲོལ་རྒྱུན་གྱི་རིམས་སྲུང་རིལ་བུ་བཟོས་ཡོད་པར་བརྟེན་དེས་གང་འཚམ་གྱིས་ཕན་ཐོགས་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་མ་ཟད་རིལ་བུ་དེ་ཚོ་བོད་ལ་བསྐུར་འདོད་ཡོད་པའང་འགྲེལ་བརྗོད་གནང་གི་འདུག
སྨན་རྩིས་ཁང་གི་སྨན་ཚོང་མཁན་གྱི་སྨན་པ་ཨོ་རྒྱན་མདོ་སྔགས་ལགས་ཀྱིས་ཀྱང་།རྡ་རམ་ས་ལ་རྡ་སྟེང་གི་སྨན་རྩིས་ཡན་ལག་ཁང་འདིར་ཞོགས་པ་ཆུ་ཚོད་དགུ་པ་ནས་བཟུང་ཕལ་ཆེར་བོད་མི་དང་རྒྱ་གར་ཕྱི་རྒྱལ་མི་རིགས་བཅས་མི་གྲངས་ཆིག་སྟོང་སུམ་བརྒྱ་ལྷག་རིལ་བུ་ཉོ་བར་བསླེབས་ཡོད་པ་དང་།རིལ་བུ་འདི་ལ་བོད་སྨན་གྱི་གཞུང་དུ་ན་ཚ་སྤྱི་དང་ཁྱད་པར་རིམས་ནད་རིགས་འགོག་པའི་ནུས་པ་ཡོད་པར་གསུངས་བ་འགྲེལ་བརྗོད་གནང་གི་འདུག
རིམས་སྲུང་ནག་པོ་དགུ་སྦྱོར་འདི་ལ་གཉན་རིམས་སྲུང་བའི་ནུས་པ་ངེས་ཅན་ལྡན་པར།བོད་སྨན་གྱི་གཞུང་ལུགས་ཁག་ཏུ་གསུང་གི་ཡོད་ནའང་།སྨན་འདི་ཁོ་ནས་རིམས་ནད་ཡོངས་སུ་འགོག་ཐུབ་པའི་ངེས་པ་མེད་པས།སྨན་འདི་དང་ལྷན་དུ་དེང་སྐབས་རིམས་ནད་འགོག་པའི་ཐབས་ལམ་ཆ་ཚང་བསྟེན་རྒྱུ་ནི་ཧ་ཅང་གལ་ཆེ་ལ།ཡོངས་གྲགས་བོད་སྨན་ནག་པོ་དགུ་སྦྱོར་གྱི་ནང་དུ་བཙན་དུག་གི་སྦྱོར་བ་བྱས་ཡོད་པས་མི་ཆེ་ཆུང་ཀུན་གྱིས་ཁ་ལ་ཟ་མི་རུང་བ་དང་རབ་ཡིན་ན་སྐེ་ལ་འདོགས་སྐབས་ཀྱང་བྲང་ཁའི་ཤ་ལ་ཐུག་མི་རུང་བ་སོགས་སྨན་པ་ཚོའི་ལམ་སྟོན་གྱི་ནང་གསལ་ཡོད་སྐོར་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ལ་གསན་རོགས།།
གསར་འགོད་པ་བློ་བྷེ།