རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་མ་འབྱོར་གོང་པེ་རིསི་ཀྱི་དྲེན་རྟེན་ས་ཚིགས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་ངོ་རྒོལ་བྱས་པ།
རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ཧྥ་རན་སིར་རྒྱལ་དོན་ལྟ་སྐོར་ལ་འབྱོར་གྱི་ཡོད་པ་དང་བསྟུན། བོད་རང་དབང་སློབ་ཕྲུག་ཚོགས་པས་ཕ་རན་སིའི་རྒྱལ་ས་པེ་རིསི་ནང་གི་ Arc de Triomphe ཞེས་པའི་གྲགས་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དྲན་རྟེན་གྱི་ས་ཚིགས་མདུན་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
བོད་རང་དབང་སློབ་ཕྲུག་ཚོགས་པས་ཧྥ་རན་སིའི་སྲིད་འཛིན་དང་ཧྥ་རན་སིའི་དཔོན་རིགས་རྣམས་པས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་པའི་སྐབས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། མི་རིགས་རྩ་མེད་ཀྱི་སྲིད་བྱུས་འཛིན་ཞིང་ཁྲིམས་བརྒལ་གྱི་ཐོག་ནས་བོད་བཙན་བཟུང་བྱེད་བཞིན་པའི་ཐད་ངོ་རྒོལ་གྱི་རྣམ་འགྱུར་བཏོན་གནང་དགོས་པ་ཞེས་སྐུལ་མ་གནང་རྒྱུའི་ཆེད་ཕྱི་ཟླ་ ༥ ཚེས་ ༤ ཉིན་རྔམ་སྟོན་ངོ་རྒོལ་གནང་ཡོད་ཅིང་། དེ་འབྲེལ་གྱི་བརྙན་པར་དང་བཅས་གསར་འགོད་གསལ་བསྒྲགས་བཏང་འབྱོར་བྱུང་།
དེ་ཡང་ ༢༠༢༤ ཟླ་ ༥ ཚེས་ ༤ སྔ་དྲོ་ས་གནས་ཀྱི་ཚོུད་ ༧ ཙམ་གྱི་ཐོག་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གཉིས་ཀྱིས་གོང་ཞུས་པེ་རིསི་ (Paris) གྲོང་ཁྱེར་དཀྱིལ་དུ་ཆགས་པའི་Arc de Triomphe ཞེས་པའི་གྲགས་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དྲན་རྟེན་གྱི་ས་ཚིགས་དེའི་ལམ་གྱི་གློག་ཤིང་ཐོག་འཛེགས་ནས་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིང་གི་དུས་སྐབས་མཇུག་སྒྲིལ་དགོས་ཟེར་བའི་ཡིག་འབྲུ་འཁོད་པའི་འཕྲེད་དར་འཕྱྭར་ཡོད་འདུག
ལས་འགུལ་བ་གཉིས་ནི་རང་ལོ་ཉི་ཤུར་སོན་པ་ ༢༠༢༣ ཟླ་ ༡༡ ནང་སེན་ཕ་རེན་སིསི་ཀོར་ཞི་ཅིན་ཕིང་འབྱོར་ཏེ་ཚོང་དོན་ལྷན་ཚོགས་དང་འབྲེལ་བའི་གཏམ་བཤད་བྱེད་ཡུལ་གྱི་ས་ཚིགས་མགྲོན་ཁང་གི་མདུན་གྱི་ལྕགས་ཧྲེང་སྟེང་འཛེགས་ཏེ་རྒྱལ་དར་འཕྱར་མཁན་ཚེ་ལྷ་རྫོགས་བཟང་ལགས་ཁོང་མོ་གཅིག་ཡིན་ཞིང་། ཁོང་དང་མཉམ་དུ་རང་ལོ་ ༢༤ སོན་པའི་ཉི་མ་བླ་མ་ལགས་ཀྱིས་ལས་འགུལ་འདིར་ཞུགས་འདུག ཁོང་གཉིས་ཀྱི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱྭར་ནས་རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་ཅིང་། ལས་འགུལ་འདི་སྤེལ་བའི་སྐབས་ས་གནས་སུ་ཉེན་རྟོགས་པ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་ཀྱང་། ངོ་རྒོལ་དུས་ཡུན་ཚོུད་གཅིག་ལྷག་བྱས་ཏེ་ཚོུད་ ༩ ཡས་མས་སུ་ལས་འགུལ་བ་གཉིས་གློག་ཤིང་སྟེང་ནས་བབས་དགོས་འཁེལ་པའི་རྗེས་ཉེན་རྟོག་པས་ཁྲིད་ཡོད་འདུག
ངོ་རྒོལ་ལས་འགུལ་སྤེལ་མཁན་གཉིས་ཀྱིས་ངོས་ནས་ཞི་ཅིན་ཕིང་གི་དབང་འཛིན་འོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཧྥ་རན་སིའི་སྲིད་འཛིན་ (Emmanuel Macron) ཨི་མེ་ནུའེལ་ མེཀརོན་ གཞུང་གིས་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིང་ལ་དགའ་བསུའི་སྣེ་ལེན་ཞུ་གི་ཡོད་པ་ནི་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ཁག་ལ་རྒྱབ་སྐྱོར་བྱས་པ་དང་གཅིག་མཚུངས་ཡིན་པ་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་དུ་བཀོད་འདུག དེ་དང་འབྲེལ་ཕྱི་ཚེས་ ༥ ཉིན་ཕ་རན་སི་ཁུལ་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་པེ་རིསི་ནང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། འཆི་མེད། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།