ཁྲིམས་རྩོད་པ་མཁན་པོ་ཀརྨ་ཚེ་དབང་དང་ཐུག་འཕྲད་བྱས་འདུག


2014.03.11

ཁྲིམས་རྩོད་པ་ཐང་ཐེན་ཧའོ་ཆབ་མདོའི་ལྟ་སྲུང་ཁང་ནས་མཁན་པོ་ཀརྨ་ཚེ་དབང་དང་ཐུག་འཕྲད་བྱེད་ཐུབ་པ་བྱུང་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། མཁན་པོ་ཀརྨ་ཚེ་དབང་ལགས་ཆབ་མདོའི་ལྟ་སྲུང་ཁང་ནང་བཙོན་པ་གཞན་བདུན་དང་མཉམ་དུ་ཉི་འོད་མེད་པའི་ཁང་མིག་ཅིག་གི་ནང་བཅུག་ཡོད་པ་དང་། ༢༠༡༤་ཟླ་ ༢ཚེས་༢༥ཉིན་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱི་ཁྲིམས་རྩོད་པ་ཐང་ཐེན་ཧའོ་སླར་ཡང་ཆབ་མདོར་འབྱོར་ཞིང་། ཁྲིམས་ཐོག་ནས་ཞུ་གཏུག་ས་བྱས་པ་བརྒྱུད་ཕྱི་ཟླ་༢ཚེས་༢༦ཉིན་ཉེན་རྟོག་པའི་ཆོག་མཆན་ཐོབ་ཏེ་ཁོང་མཁན་པོ་ཀརྨ་ཚེ་དབང་ལགས་དང་ཐུག་འཕྲད་བྱུང་འདུག གནས་ཚུལ་ལྟར་ན། མཁན་པོ་ཀརྨ་ཚེ་དབང་ལགས་འཇུ་བཟུང་མ་བྱས་པའི་སྔོན་ནས་ཁོང་ལ་མཆིན་ཚད་དང་། གློ་བའི་ནད་གཞི་སོགས་ཡོད་པས་ཟླ་དྲུག་རེ་མཚམས་སུ་བརྟག་དཔྱད་དགོས་པ་ལྟར་བཙོན་ཁང་ལ་སྨན་བཅོས་དང་བརྟག་དཔྱད་མུ་མཐུད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ་ད་ལྟ་མཁན་པོའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་དང་། ཁོང་ཆབ་མདོ་ལྟ་སྲུང་ཁང་ཨང་D2 ཟེར་བའི་ནང་བཅུག་ཡོད་པ་རེད་འདུག
ད་དུང་གནས་ཚུལ་ལྟར་ན། དེ་སྔོན་ཆབ་མདོའི་ཉེན་རྟོག་ཚན་པས་མཁན་པོ་ཀརྨ་ཚེ་དབང་ལགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་པ་བཙུགས་ཡོད་པ་མཁན་པོའི་ཁྲིམས་རྩོད་པར་བརྡ་ཐོ་སྤྲད་ཡོད་ཀྱང་། ཟླ་བ་སྔོན་མའི་ནང་བརྡ་ཐོ་གསར་པ་ཞིག་སྤྲད་པ་དེའི་ནང་མཁན་པོར་སྦས་སྲུང་གི་ཉེས་པ་ཟེར་བར་འགྱུར་བ་བཏང་ཡོད་འདུག་ཅིང་། དེ་ནི་མཁན་པོ་ཀརྨ་ཚེ་དབང་ལགས་ཀྱིས་ཆབ་མདོའི་ཀརྨ་དགོན་པ་ནས་བྲོས་བྱོལ་དུ་ཕྱིན་པའི་དགེ་འདུན་པ་སྦས་སྲུང་བྱས་པར་ཉེས་པ་བཙུགས་པ་ཞིག་ཡིན་འདུག ཁྲིམས་རྩོད་པས་ནག་ཉེས་དེར་ངོས་ལེན་བྱས་མེད་པ་མ་ཟད། མཁན་པོ་སྨན་བཅོས་ཀྱི་མིང་ཐོག་ནས་ལྟ་སྲུང་ཁང་ནང་ཞུགས་མི་དགོས་པར་ཁག་ཐེག་བཙལ་ཏེ་ཕྱི་ཕྱོགས་ནས་ཁྲིམས་ཐོག་གི་ལན་སྒུག་སྡོད་ཆོག་པའི་རེ་འདུན་བཏོན་པར་གཞུང་ཕྱོགས་ནས་དང་ལེན་བྱས་མེད་ཀྱང་། མཁན་པོ་ཀརྨ་ཚེ་དབང་ལགས་ལ་ནང་མི་ཚོས་གསོལ་སྨན་འབུལ་ཆོག་པའི་ཁས་ལེན་བྱས་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་༡༢ཚེས་༡༤ཉིན་ཆབ་མདོའི་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཡིན་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎