སྡེ་དགེ་མ་ཎི་གད་མགོར་བོད་དོན་སྐད་འབོད་དང་འཇུ་བཟུང་།
2014.04.09

དཀར་མཛེས་སྡེ་དགེ་ཕྱོགས་ཀྱི་མ་ཎི་གད་མགོར་བོད་མི་གཞོན་སྐྱེས་ཞིག་གིས་བོད་དོན་ཡིག་ཆ་འགྲེམས་གཏོར་དང་སྐད་འབོད་བྱས་རྗེས་འཛིན་བཟུང་བྱས་འདུག
བོད་ནས་བརྙན་ཐུང་ཞིག་དང་བཅས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༤ལོའི་ཟླ་༤ཚེས་༨ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༣པ་ཡོལ་ཙམ་ལ་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཡིད་ལྷུང་མ་ཎི་གད་མགོའི་ཡུལ་ཚོར་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་ཡོད་སའི་སྲང་ལམ་ནས་བོད་མི་གཞོན་སྐྱེས་ཞིག་གིས་བོད་དོན་ཡིག་ཆ་མང་པོ་གཏོར་བཞིན་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་བ་སོགས་ཀྱི་བོད་དོན་རྔམ་སྟོན་སྐད་འབོད་བྱས་ཡོད་པ་དང་། རིང་བོར་མ་སོང་པར་ས་གནས་རྒྱ་ནག་གིོ་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་གཞོན་སྐྱེས་ཁོང་འཛིན་བཟུང་བྱས་ཡོད་པ་རེད་འདུག གནས་ཚུལ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་ས་གནས་སུ་ཁ་པར་བཏང་ནས་འདྲི་རྩད་བྱས་སྐབས། གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་གནས་ཚུལ་དེ་སྤྱི་ཚེས༨ཉིན་གྱི་ཉིན་གུང་ཙམ་ལ་བྱུང་སོང་བདེན་པ་རེད། འོན་ཀྱང་རྗེས་སུ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་ཟེར། སྐར་མ་གཅིག་དང་ཕྱེད་ཀ་ཙམ་ཡོད་པའི་བརྙན་ཐུང་དེའི་ནང་དངོས་སུ་མཐོང་ཐུབ་པ་ནི། བོད་མི་ཁོས་སྲང་ལམ་དུ་ཡིག་ཆ་གཏོར་བཞིན་སྐད་ཤུགས་ཆེན་པོས་བོད་དོན་རྔམ་སྟོན་སྐད་འབོད་བྱས་སྐབས་ཅུང་མ་འགོར་བར་སྲང་ལམ་གཡས་གཡོན་གྱིོ་བོད་མི་ཚོས་ཕོ་ལྷ་གསོལ་ཞེས་རྒྱབ་སྐྱོར་གྱི་སྐད་འབོད་བྱས་བ་གོ་ཡ་འདུག ཡང་སྡེ་དགེ་ཕྱོགས་ཀྱི་བོད་མི་ཞིག་གིས་བརྗོད་དོན། ཁོང་ལ་ཡང་གནས་ཚུལ་དེ་གཅིག་མཚུངས་འབྱོར་བ་མ་ཟད་། སྐད་འབོད་བྱེད་མཁན་བོད་མི་ཁོང་སྐྱེ་དགུ་ཕྱོགས་ནས་ཡིན་ཚུལ་ཡང་བཤད་མཁན་འདུག་ཟེར།
གནས་ཚུལ་ལྟར་ན། དེ་སྔོན་སྤྱི་ལོ་༢༠༠༦ལོའི་དབྱར་ཁར་མ་ཎི་གད་འགོར་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ཞིག་གིས་ཕྱུགས་ཟོག་བཤའ་སའི་བཤས་རའི་ལས་སྣོན་བཟོ་གྲྭ་བཙུགས་པར་ས་གནས་བོད་མིས་མི་འདོད་ངོ་རྒོལ་བྱས་བར། གནད་དོན་དེའི་རྐྱེན་པས་བོད་མི་ཁག་གཅིག་འཛིན་བཟུང་གིས་ཁྲིམས་ཆད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད།
རྔམ་སྟོན་སྐད་འབོད་སྐབས་ཀྱི་བརྙན་ཐུང་།
གསར་འགོད་པ་ཀླུ་འབུམ།