ཐེའུ་རང་གིས་དབྱངས་གསལ་སོ་བཞིའི་མདའ་རྒྱུན་བཏགས་པ།


2014.04.07
ཐེའུ་རང་བཙོན་བཀྲོལ་ཐོབ་སྐབས་དབྱངས་གསལ་སོ་བཞིའི་མདའ་རྒྱུན་བཏགས་ཡོད་པ། ༢༠༡༤།༣།༢༩ ཐེའུ་རང་བཙོན་བཀྲོལ་ཐོབ་སྐབས་དབྱངས་གསལ་སོ་བཞིའི་མདའ་རྒྱུན་བཏགས་ཡོད་པ། ༢༠༡༤།༣།༢༩
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

ཐེའུ་རང་བཙོན་བཀྲོལ་ཐོབ་སྐབས་དབྱངས་གསལ་སོ་བཞིའི་མདའ་རྒྱུན་སྐེ་ལ་བཏཊ་པར་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པའི་ཁྲོད་དོ་སྣང་བྱེད་བཞིན་པ་རེད་འདུག
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། མི་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་མྱངས་མཁན་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲིས་རབ་བརྟན་ལགས། ཉེ་བའི་སྤྱི་ཟླ༣ཚེས༢༩ཉིན་ཟི་ཁྲོན་མེན་ཡཱང་ཞེས་བའི་བཙོན་ཁང་ནས་བཙོན་གྲོལ་ཐོབ་སྐབས། སྐེ་ལ་དབྱངས་གསལ་སོ་བཞིའི་མདའ་རྒྱུན་བཏགས་ནས་ཡོང་པར་བོད་མི་ཚོས་དགའ་བསུ་ཆེན་པོ་བྱས་ཡོད་པ་མ་ཟད། ད་ཆ་བོད་ཕྱི་ནང་གཉིས་དང་ལྷག་དོན་བོད་ནང་གི་ཤེས་ཡོན་པའི་ཁྲོད་དེའི་ཐད་གླེང་སློང་དང་དོ་སྣང་ཡོང་བཞིན་པར། དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། ཐེའུ་རང་ནི་སྨྱུ་གུ་བཟུང་བའི་རྩོམ་པ་པོ་ཞིག་ཡིན་ལ་། ཁོས་ད་ཐེངས་དབྱངས་གསལ་སོ་བཞིའི་མདའ་རྒྱུན་སྐེ་ལ་བཏགས་ནས་བཙོན་ཁང་ནས་ཐོན་པ་ནི། ང་ཚོའི་བོད་མི་རིགས་ལ་ཡོད་པ་ནི་དབྱངས་གསལ་སོ་བཞི་དང་། ང་ཚོས་ཤོར་མི་ཉན་པ་ཡང་དབྱངས་གསལ་སོ་བཞི་ཡིན་པས། རྒྱལ་ཕམ་གང་ལ་ཐུག་ཀྱང་མི་རིགས་ཀྱི་བླ་སྲོག་དབྱངས་གསལ་སོ་བཞི་ནམ་ཡང་མི་འདོར་བ་དང་། བཙོན་ལ་བཅུག་ཀྱང་དབྱངས་གསལ་སོ་བཞི་དོར་མེད་པ་མཚོན་ཚུལ་བཤད་པ་དང་། ཡང་གཞན་ཞིག་གིས་བརྗོད་དོན། རྩོམ་པ་པོ་ཐེའུ་རང་ལགས་བཙོན་གྲོལ་ཐོབ་པ་དགའ་འོས་པ་ཞིག་ཡིན་མོད། ཁོང་གི་སྐུ་གཟུགས་འཕྲོད་བསྟེན་གྱི་གནས་སྟངས་དང་མ་འོངས་བར་རང་དབང་ཐད་སེམས་ཁྲལ་འདུག བོད་མི་གཞོན་སྐྱེས་དང་ལྷག་པར་ཤེས་ཡོན་པའི་སྡེ་ཡིན་ཟེར་མཁན་ཚོས་ཁོང་གི་བདེན་པ་སྨྲ་བའི་སྙིང་སྟོབས་དང་དེའི་ཆེད་དུ་མྱངས་པའི་དཀའ་སྡུག་བརྗེད་མི་རུང་ཞེས་བརྗོད་བྱུང་།
ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ཐེའུ་རང་ལགས་ཀྱིས་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ༢༠༡༠ཟླ་བ་༤་བའི་ཚེས་བཞི་ཉིན་ནུབ་བྱང་མི་རིགས་སློབ་གྲ་ཆེན་ནས་ཁོང་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་རིང་ཁྲིམས་བཤེར་གང་ཡང་མ་བྱས་བར་བཀག་ཉར་བྱས་རྗེས་༢༠༡༡ཟླ་༦་པའི་ཚེས་༢་ཉིན་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ནི་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་དང་།  ༢༠༠༨ ལོའི་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་སོགས་ཀྱི་ཉེས་མིང་བཏགས་ནས་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་པ་ཡིན་པ་རེད།
ཁོང་མདོ་སྨད་མཛོད་དགེ་ཐང་སྐོར་དུ་སྐྱེས་ཤིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་། སློབ་ཆེན་དེའིི་༢༠༠༨ ལོར་བོད་ཁམས་ལ་སྐད་གྲགས་ཆོད་པའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ཁྲག་ཡིག་དཔེ་དེབ་ཀྱི་རྩོམ་པ་པོ་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎