ཨ་རི་གཞུང་གིས་རྒྱ་ནག་དང་མཉམ་འཕྲུལ་ལས་ཚོང་དོན་གྱི་འབྲེལ་བ་བྱེད་ཕྱོགས་ཐོག་དམ་དྲག་ཆེར་གནང་འཆར་འདུག
ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་དང་མཉམ་འཕྲུལ་ལས་ཚོང་དོན་གྱི་འབྲེལ་བ་བྱེད་ཕྱོགས་ཐོག་དམ་དྲག་ཤུགས་ཆེ་ཙམ་གནང་འཆར་འདུགWall Street Journal ཞེས་པའི་ཨ་རིའི་དཔལ་འབྱོར་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་། ཨ་མི་རི་ཀའི་སྲིད་འཛིན་འཇོ་བྷ་ཡེ་དྲེན་མཆོག་གི་སྲིད་གཞུང་ནས་དེ་སྔའི་སྲིད་འཛིན་དྲོ་ནལ་དྲ་ཀྲ་རམྤ་གྱི་གཞུང་འཛིན་སྐབས་རྒྱ་ནག་མཉམ་འཕྲུལ་ལས་ཚོང་འབྲེལ་གྱི་ལས་དོན་ཐོག་དམ་དྲག་གནང་བ་བཞིན་མུ་མཐུད་ནས་སྲིད་བྱུས་དེ་ལྟར་འཛིན་འཆར་ཡོད་འདུག
དེ་ཡང་ཨ་རིའི་ཚོང་འབྲེལ་ལས་དོན་ཚན་པའི་ངོས་ནས་རིང་མིན་རྒྱ་ནག་མཉམ་འཕྲུལ་རིགས་དང་འབྲེལ་བའི་ཚོང་འབྲེལ་བྱེད་པའི་སྐབས་ཕྱོགས་གཉིས་ཀའི་ཚོང་པའི་ངོས་ནས་ཕྱི་གསལ་ནང་གསལ་གྱི་འཆར་གཞི་གསལ་པོ་སྙན་སེང་ཞུ་དགོས་ལུགས་གསུངས་ཡོད་པ་དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་དམིགས་པ་ཞིག་ཡིན་ལུགས་གསལ་བཤད་གནང་གི་ཡོད་པ་རེད་། འོན་ཀྱང་ཨ་རིའི་ཚོང་དོན་ཚན་པ་ཆེ་ཤོས་Amazon དང་Citi Groupདེ་བཞིན་Walmart སོགས་ཚོང་དོན་ཚན་པ་ཆེ་ཁག་དང་རྒྱ་ནག་མཉམ་ཚོང་འབྲེལ་ཤུགས་ཆེ་བྱེད་མཁན་ཚོས་ཨ་རིའི་གཞུང་ནས་སྒྲིག་གཞི་གསར་གཏོད་དང་དམ་དྲག་ཆེ་རུ་གཏོང་བཞིན་པ་དེར་མི་འདོད་པའི་རྣམ་པས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད་།
ཚོང་དོན་ཚན་པ་དེ་དག་གི་སྐྱོན་བརྗོད་ནང་། སྒྲིག་གཞི་གསར་པའི་ནང་། ཕྱོགས་གཅིག་ནས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཕྱོགས་གཞན་ཞིག་ནས་གནད་དོན་མང་པོའི་ཐོག་གཞུང་གི་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་སོགས་ཐེར་བཏོན་བྱེད་ཀྱི་ཡོད་པ་རེད་། དེའི་ཐོག་ཨ་རིའི་གཞུང་གསར་པའི་ངོས་ནས་སྲིད་འཛིན་གོང་མ་ཀྲ་རམྤ་གྱིས་སྲིད་བྱུས་མུ་མཐུད་འཛིན་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་བའི་རྗེས་རྒྱ་ནག་གཞུང་ནས་སྲིད་བྱུས་དེས་ཕྱོགས་གཉིས་ཀའི་འབྲེལ་བ་དང་ལྷག་པར་དུ་ཚོང་འབྲེལ་ཐོག་ལའང་མུ་མཐུད་ནས་གྱོང་ཕོག་རྒྱུ་ཡིན་ལུགས་ཨ་རིར་སྐྱོན་བརྗོད་བྱས་འདུག གང་ལྟར་ཨ་རིའི་ནང་གི་ཚོང་པ་དང་རྒྱ་ནག་གི་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཨ་མི་རི་ཀའི་གཞུང་ནས་རྒྱ་ནག་མཉམ་ཚོང་འབྲེལ་དང་ལྷག་པར་དུ་འཕྲུལ་ལས་རིགས་ཚོང་འབྲེལ་བྱེད་པའི་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཆགས་ཀྱི་ཡོད་ལུགས་གསུངས་ཏེ་ཀྲ་རམྤ་སྲིད་གཞུང་གི་ལག་བསྟར་དང་ཐག་ཆོད་གནང་བའི་སྲིད་བྱུས་དེར་གནས་སྐབས་འགྱུར་བ་གཏོང་གནང་རྒྱུའི་འཆར་གཞི་མེད་པའི་བརྡ་ལན་གསལ་པོ་སྤྲད་གནང་ཡོད་འདུག