ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་བཞུགས་སྒར་དུ་ཕེབས་པ།


2015.04.19
ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་བཞུགས་སྒར་དུ་ཕེབས་པ། ཨརཆ་སྦི་ཤོབ་ཌེས་མོནྜ་ཊུ་ཊུ་མཆོག་བཞུགས་སྒར་དུ་ཕེབས་འབྱོར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་གནམ་ཐང་དུ་ཕེབས་བསུར་ཆིབས་བསྒྱུར་གནང་བ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ལྷོ་ཨཕྷ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་དང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ཨརཆ་སྦི་ཤོབ་ཌེས་མོནྜ་ཊུ་ཊུ་མཆོག་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་གནམ་ཐང་དུ་ཕེབས་བསུར་ཆིབས་བསྒྱུར་གནང་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་པ་ཨརཆ་སྦི་ཤུབ་ཌེས་མོནྜ་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་གཟའ་འཁོར་གཅིག་ཙམ་རིང་ཞུགས་བཞག་གནང་རྒྱུ་ཡིན་འདུག་ཅིང་། ཐེངས་འདིའི་ཕེབས་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨརཆ་སྦི་ཤོབ་ཊུ་ཊུ་རྣམ་གཉིས་ཟུང་སྦྲེལ་གྱི་ཐོག་ནས་བདེ་སྐྱིད་ཀྱི་དཔེ་དེབ་ཅེས་པའི་ཕྱག་དེབ་ཞིག་འབྲི་གནང་མཛད་རྒྱུ་ཡིན་པ་དེའི་ཐོག་ཕན་ཚུན་བགྲོ་གླེང་མཛད་རྒྱུ་དེ་ཡིན་འདུག།
དེ་རིང་བཞུགས་སྒར་རྡ་རམ་ས་ལའི་གནམ་ཐང་དུ་ཕེབས་འབྱོར་གནང་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཆིབས་གྲོའི་ནང་ལྷན་ཞུགས་ཐོག་༸རྒྱལ་བའི་གཟིམས་ཆུང་དུ་ཐད་ཀར་ཆིབས་བསྒྱུར་གྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་ཡོད་པ་རེད།
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་པར་ལྟར་ན། ཕྱི་ཚེས་ ༢༠ ནས་ ༢༤ སྟེ་གཟའ་ཟླ་བ་ནས་པ་སངས་བར་ཉིན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨརཆ་སྦི་ཤོབ་རྣམ་གཉིས་མཇལ་འཛོམས་གནང་སྟེ་གོང་གི་བདེ་སྐྱིད་ཀྱི་དཔེ་དེབ་ཞེས་པ་དེའི་ཐོག་ཕྱག་ལས་གནང་རྒྱུ་ཡིན་འདུག  ཐོན་ལ་ངེས་པའི་ཕྱག་དེབ་འདིའི་ཐད་ཉེ་ཆར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚུགས་པའི་དཔེ་དེབ་འགྲེམ་འཚོང་གི་ཚོགས་འདུས་ཐོག་མི་ཚོས་དོ་སྣང་ཆེ་ཤོས་བྱེད་ས་ཞིག་ཏུ་གྱུར་ཡོད་པ་རེད།
ལྷོ་ཨཕྷ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་ཨརཆ་སྦི་ཤོབ་ཌེས་མོནྜ་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་ཐེངས་མ་གཉིས་པ་དེ་ཡིན་ཞིང་། ༢༠༡༢ ལོའི་ཕྱི་ཟླ་གཉིས་པའི་ནང་ཐེངས་མ་དང་པོར་ཕེབས་ཡོད་པ་རེད།
ཨརཆ་སྦི་ཤོབ་ཌེས་མོནྜ་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་དང་འབྲེལ་བའི་གནས་ཚུལ་རྒྱས་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་རྡ་རམ་ས་ལ་ནས་བཏང་གནང་པ་དེ་གསན་རོགས་གནང་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎