༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་བསྒྱུར་སྐྱོང་གནང་མཛད་པ།
2013.04.08

༄༅༎དེ་རིང་ཕྱི་ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨི་ཊ་ལི་ཆིབས་ཁ་བསྒྱུར་གནང་མཛད་ཀྱི་འདུག
ཕྱི་ཚེས་ ༡༡ ནས་ ༢༠ བར་༸གོང་ས་མཆོག་གིས་ཨི་ཊ་ལི་དང་སུད་སི།ཨིན་ཡུལ་བཅས་ཡུ་རོཔ་ཁུལ་གྱི་རྒྱལ་ཁབ་གསུམ་ནང་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་དང་། དེ་བཞིན་མཁས་པའི་བགྲོ་གླེང་ཐོག་ལྷན་བཞུགས་གནང་རྒྱུའི་མཛད་འཆར་འདུག
༸གོང་ས་མཆོག་ཐོག་མར་ཨི་ཊ་ལིའི་ཁུལ་གྱི་ Pala Trento ས་གནས་སུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༡ཉིན་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་།
དེ་ནས་ཕྱི་ཚེས་༡༣དང་༡༤གཉིས་ལ་སུད་སི་ཁུལ་ཆིབས་བསྒྱུར་གྱིས་Forum Fribourg གྱིས་གསོལ་འདེབས་ཞུ་དོན་བཞིན་༸གོང་ས་མཆོག་ནས་ཉིན་གཅིག་དང་ཕྱེད་ཀའི་རིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོད་དང༌།རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་སྣང་དང།ཡང་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་ཀྱི་འདུག
དེ་རྗེས་ཕྱི་ཚེས་༡༥ཉིན་Lausanne གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞི་བའི་ལམ་ནས་མི་ཚེ་སྐྱེལ་སྟངས་དང་འདས་གྲོངས་འགྲོ་སྟངས་སྐོར་གྱི་བགྲོ་གླེང་ཞིག་གཙོ་སྐྱོང་མཛད་རྒྱུ་དང༌། དེའི་ཉིན་ཕྱི་མ་ཕྱི་ཚེས་༡༦ཉིན་ Bern གཙུང་ལག་སློབ་གྲྭ་ཆེན་མོའི་ནང་༼ཡུན་གནས་ཐུབ་པའི་མ་འོངས་༽ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
ཕྱི་ཚེས་༡༩དང་༢༠གཉིས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡུལ་ཁུལ་གྱི་Cambridge གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་St.John’s མཐོ་སློབ་ཁང་དུ་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་སྡུམ་སྒྲིག་བྱ་ཕྱོགས་སྐོར་གྱི་འཛམ་གླིང་མཁས་པའི་བཞུགས་མོལ་ལྷན་ཚོགས་ཐོག་གསུང་བཤད་སྩལ་རྒྱུའི་མཛད་འཆར་འདུག།