དུས་རབས་ཉེར་གཅིག་པའི་ནང་པ་ཚོ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས། རྒྱུ་མཚན་ལ་བསམ་བློ་བཏང་དགོས་པ་རེད་ཅེས། ༧གོང་ས་མཆོག་གིས་བཀའ་སྩལ་བ།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཐེ་ཝན་གྱི་ཆོས་ཞུ་བ་ཚོར། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཉིན་གཉིས་པ་སྤྱི་ཟླ་༡༠པའི་ཚེས་༡༠ཉིན། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་ཡོངས་སུ་གྲུབ་པ་དང་བསྟུན། ཆོས་ཞུ་བ་ཚོས་དྲི་བ་དྲིས་ལན་གྱི་སྐབས་སུ། ཐེ་ཝན་གྱི་བུད་མེད་ལིན་ཁྲཱ་ཤཱན་གྱིས་བླ་མའི་གསུང་ལ་གོ་བ་མ་ལོན་ཚེ། གསོལ་འདེབས་ཤུགས་དྲགས་དང་བཅས་བླ་མ་དེ་རང་གི་མདུན་གསུང་ཡང་ཡང་ཐོས་དགོས་སམ། ཡང་ན་བླ་མ་གཞན་གྱི་རྩ་ནས་ཐོས་བསམ་བྱ་དགོས་པའི་དྲི་བ་ཞུས་པར། ༧གོང་ས་མཆོག་གིས་བླ་མའི་མན་ངག་ཡིན་ཞེས་གཞུང་ཆེན་མོ་དང་མི་འདྲ་བ་འཐོན་ན། ཁོང་གིས་གཞུང་ཆེན་མོ་ཁག་གལ་ཆེན་དུ་བརྩིས་གནང་གི་ཡོད་པ་དང་།དུས་རབས་ཉེར་གཅིག་པའི་ནང་པ་ཚོ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས། རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་མཁན་ཞིག་དགོས་པ་མ་གཏོགས། དབང་བརྟུལ་དད་པའི་རྗེས་འབྲང་ནི་དེང་སང་གི་དུས་དང་མི་རན་པ་རེད་ཅེས་བཀའ་གནང་གི་འདུག
ཡང་༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་བསླབ་མཁན་ཚོས་གཙོ་བོ་གཞན་ལ་ཕན་བདེ་སྒྲུབ་པ་དང་། གལ་ཏེ་ཕན་བདེ་སྒྲུབ་མ་ཐུབ་ནའང་གཞན་ལ་འཚེ་བ་མི་བྱེད་པ་དགོས་པ་བཀའ་གནང་གི་འདུག
གཞན་ཡང་ཐེ་ཝན་གྱི་བཙུན་མ་ཧྲི་ཅང་ཧྲི་ལགས་ནས་མི་ཕན་ཚུན་གྱི་དབར་རྩོད་པ་བྱུང་སྟེ། ཕྱོགས་གཉིས་ཀས་རང་ལུགས་མཁྲེགས་བཟུང་གིས་དཀའ་ངལ་སེལ་མི་ཐུབ་ཚེ། དེ་ལྡོག་ཐབས་ཀྱི་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་དེང་སང་མི་ཕན་ཚུན་གྱི་རྩོད་པའི་རིགས་ལྟ་གྲུབ་གཏིང་ཟབ་པོའི་རྩོད་པ་དེ་ཙམ་མེད་པར། ལྟོ་གོས་གཏམ་གསུམ་དང་འབྲེལ་ནས་རྩོད་པ་ཡོང་བཞིན་པ་དང་། གང་ལྟར་ལྟ་གྲུབ་ཀྱི་ཐོག་ནས་རྩོད་གླེང་ལ་བསམ་བློ་བཏང་ནས་འགྲོ་ཡི་ཡོད་པ་དང་། དེ་མིན་ང་དང་ཁྱོད་ཟེར་བའི་རྩོད་གླེང་ལ་འཕྲལ་སེལ་དབང་ཤུགས་ཀྱི་ཐོག་ནས་འགྲོ་བཞིན་པ་རེད། གང་ལྟར་ཆོས་ལུགས་ཚང་མ་འཆམ་མཐུན་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་བཀའ་གནང་གི་འདུག
ཆོས་ཞུ་བ་ཧོང་ཅཱ་ཆི་ཡིས་དྲ་ཐོག་ནས་ཆོས་དང་དབང་ཞུས་པ་སོགས་ཀྱིས་བླ་མ་བསྟེན་པའི་ཐབས་ལ་བར་ཆད་དུ་འགྲོ་མིན་བཀའ་འདྲི་ཞུས་པར། སྔགས་ཀྱི་གཞུང་རིགས་གཅིག་བླ་མ་དང་སློབ་མ་འཕྲད་པའི་ཐོག་ནས་དབང་བསྐུར་དགོས་ཀྱི་གྲས་དེ་ལྟར་འགྲོ་རྒྱུ་དང་། གཙོ་ཆེ་ཤོས་བཀའ་འགྱུར་བསྟན་འགྱུར་ང་ཚོའི་བླ་མ་དང་སློབ་དེབ་ཀྱི་ཚུལ་དུ་བཞག་སྟེ་འགྲོ་རྒྱུ་རེད་ཅེས་བཀའ་གནང་གི་འདུག
བཀའ་ཆོས་ཀྱི་མཇུག་ཏུ་དགེ་བ་༧གོང་ས་མཆོག་གིས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་རྒྱས་པ་ཞིག་གནང་བ་དང་འབྲེལ། བཀའ་ཆོས་གཙོ་སྐྱོང་བ་ལི་ཊིན་ཁྲཱ་ལགས་ཆོས་ཞུ་བ་ཚང་མས་ངོ་ཚབ་ཞུས་ཏེ། ༧གོང་ས་མཆོག་ལ་ཐུགས་རྗེ་ལེགས་འབུལ་དང་དད་གུས་ཆེན་པོ་གནང་གི་ཡོད་པས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་བཅས་གནང་ཡོད་ཅིང་། གསུང་ཆོས་འདི་ལ་ཐེ་ཝན་གྱི་ས་གནད་མང་པོ་ནས་དགེ་འདུན་པ་དང་བཙུན་མ། ཁྱིམ་པ་ཕོ་མོ་བཅས་རྒྱ་རིགས་ཧ་ཅང་མང་པོ་ཞིག་ཚོགས་སྡེའི་ངོ་བོ་དང་མི་སྒེར་བཅས་ཀྱི་ཐོག་ནས་ལྷན་ཞུགས་བཀའ་ཆོས་ཞུས་གནང་ཡོད་པ་རེད།