སློབ་གྲྭ་ཁག་རྩིས་ལེན་བྱས་རྗེས་མཐུན་རྐྱེན་དང་ཤེས་ཡོན་གང་ས་ཅི་ཐད་ནས་སྔར་ལས་ལྷག་ཙམ་ཡོང་རྒྱུའི་གདེངས་ཚོད་བརྒྱ་ཆ་བརྒྱ་ཡོད་སྐོར་གསུངས་བ།

དེ་ཡང་ཧ་པར་སྤུར་སློབ་གྲྭའི་ནང་ཁྱོན་སློབ་མ་༤༧༡ ཙམ་ཡོད་ཁོངས་ནས་བཞི་བརྒྱ་ལྷག་ཙམ་ཞིག་རྒྱ་གར་བའི་སློབ་ཕྲུག་ཆགས་ཀྱི་ཡོད་སྟབས། མ་འོངས་པར་སློབ་གྲྭ་འདི་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་རྗེས་སློབ་མའི་ཤེས་ཡོན་དང་། ལྷག་པར་དུ་རྒྱ་གར་བའི་སློབ་ཕྲུག་རྣམས་སློབ་གྲྭ་ནང་མུ་མཐུད་གནས་ཐུབ་མིན་དང་གསར་དུ་སློབ་འཇུག་བྱ་སྲིད་མིན་སྐོར་ལ་རྒྱ་གར་ཕ་མ་ཁག་ཅིག་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག་པར་མ་འོངས་པར་གནས་སྟངས་ཇི་ཆགས་སྐོར་ལ་གསལ་བཤད་ལྷུག་པོར་བྱས་པ་བརྒྱུད་ཕ་མ་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ལ་ངོ་སྤྲོད་གསལ་པོ་བྱུང་སོང་ཞེས་གསུང་གི་འདུག དེའི་ཐད་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་མཆོག་གིས།
རྩ་བའི་སློབ་གྲྭ་ཁག་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་གྲུབ་རྗེས་ཕྱི་ནང་གི་མཐུན་རྐྱེན་དང་། ལྷག་པར་དུ་སློབ་མ་ཚོའི་ཤེས་ཡོན་གྱི་གནས་སྟངས་སྔར་ལས་ལྷག་ཙམ་ཆགས་ཐུབ་རྒྱུའི་གདེངས་ཚོད་ཆེན་པོ་བྱེད་བཞིན་འདུག
ཡང་ཕ་མ་ཁག་ཅིག་གིས་ཕྲུ་གུའི་མ་འོངས་པའི་ཤེས་ཡོན་གྱི་གནས་སྟངས་ཇི་ཆགས་དང་། ལྷག་པར་དུ་ད་ལན་གྱི་གསལ་བཤད་ཁག་ཁ་བཤད་དོན་ལ་གནས་མིན་ད་དུང་ཡང་སེམས་འཚབ་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཧ་པར་སྤུར་ཕ་མའི་འཐུས་ཚོགས་ཀྱི་ཚོགས་གཙོ་ཀེ་རེ་ཝི་ཇལི་ལགས་ནས་་་་་་་་མ་འོངས་པར་སློབ་གྲྭ་འདི་སམ་བྷོ་ཊའི་ཁྱབ་ཁོངས་སུ་རྩིས་ལེན་བྱས་རྗེས་རྒྱ་གར་ཡུལ་མིའི་སློབ་མ་གསར་ཞུགས་དང་། ལྷག་པར་དུ་ད་ཡོད་སློབ་མ་རྣམས་ཀྱི་ཤེས་ཡོན་ཐད་འཐུས་ཤོར་འགྲོ་མི་ཡོང་ངམ་བསམས་ནས་ཕྲུ་གུའི་ཕ་མ་ཚང་མས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག་ཅེས་གསུང་གི་འདུག
ཡང་སློབ་གྲྭའི་ཕྲུ་གུའི་ཕ་མ་ཇོ་ཏི་ལགས་ནས་་་་་་དེ་རིང་ཚོགས་འདུའི་ཐོག་མ་འོངས་པར་རྒྱ་གར་ཡུལ་མིའི་སློབ་མ་རྣམས་ལ་མཐུན་རྐྱེན་སྔར་བཞིན་ཐོབ་རྒྱུའི་གསལ་བཤད་གནང་སོང་མོད། ཁ་བཤད་དོན་ལ་གནས་ཨེ་ཡོང་ན་བསམས་ནས་སེམས་འཚབ་ཆེན་པོ་འདུག་ཅེས་དང་། སློབ་གྲྭའི་ནང་ནས་དེ་སྔོན་གྱི་རྒྱ་གར་གྱི་དགེ་རྒན་མང་པོ་ཞིག་གནས་སྤོས་ཟིན་འདུག་སྟབས་མ་འོངས་པར་སློབ་གྲྭའི་ནང་ཤེས་ཡོན་ཐད་ཉམས་ཆག་ཆེན་པོ་ཤོར་སྲིད་པ་རེད་དྲན་གྱི་འདུག་ཅེས་གསུང་གི་འདུག
སྤྱིར་སྟངས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཌལ་ཧོ་སི་དང་། སིམ་ལ་གཏན་སློབ་དང་། ཧ་པརལ་སྤུར། མ་སུ་རི། ཀ་ལིང་སྤུང་། རྡོར་གླིང་གཏན་སློབ་བཅས་སློབ་གྲྭ་ཁག་དྲུག་རྩིས་ལེན་བྱེད་རྒྱུ་ལུས་ནས་ཡོད་པ་རྒྱ་གར་དབུས་ཤེས་རིག་ལས་ཁུངས་ནས་ཆོག་མཆན་དང་སྦྲགས་སྤྱི་ལོ་༢༠༢༢ ལོའི་ཟླ་༣ ཚེས་ཟླ་མཇུག་ལ་རྩིས་ལེན་ཟིན་པ་དགོས་ཀྱི་ཡོད་པ་རེད་འདུག
ཐེངས་འདིར་སྤོན་ཊ་དང་། སྤུ་རུ་ཝ་ལ། ཧ་པར་སྤུར། དོན་གྲུབ་གླིང་། གླིང་གེ་སར་སློབ་གྲྭ་བཅས་ལ་ཆེད་ཕེབས་ཀྱིས་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་དང་། མ་འོངས་པར་སློབ་མའི་ཤེས་ཡོན་ཡར་རྒྱས་ལ་དམིགས་ནས་སློབ་གྲྭའི་ལས་སྣེ་ཁག་དང་ལྷན་དུ་བསམ་ཚུལ་བརྗེ་རེས་སོགས་བྱས་ཡོད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།