རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་ནི་ཆེས་དཀའ་ཁག་ཅན་ཞིག་ཏུ་ངོས་འཛིན་གནང་འདུག

2025.05.02
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་ནི་ཆེས་དཀའ་ཁག་ཅན་ཞིག་ཏུ་ངོས་འཛིན་གནང་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོའི་མདུན་ངོས།
Reporters without border

ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱི་ཁྱོན་ཡོངས་སུ་ (World Press Freedom Day) ཞེས་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། འདི་ཚེས་ ༢ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders) ཀྱིས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༢༠༢༥ ལོ་དེ་བཞིན་གསར་འགོད་རང་དབང་གི་གནས་བབ་ལ་དཀའ་ཁག་ཅན་ཞིག་ཏུ་གྱུར་ཡོད་པ་གསལ་སྟོན་བྱས་འདུག་ལ། གསར་འགོད་རང་དབང་ལ་གནོད་ཚབས་ཆེ་ཤོས་དེ་ཡང་གསར་འགོད་པར་ལུས་ཐོག་རྡུང་རྡེག་གཏོང་བ་ཙམ་མིན་པར། གསར་ཁང་ཁག་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་དང་དཔལ་འབྱོར་ཐོག་གནོན་ཤུགས་ཡོད་པ་སོགས་ཡིན་པ་གསལ་སྟོན་གནང་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདོན་སྤེལ་གནང་བའི་སྙན་ཐོ་ལས། གསར་འགོད་མཐུན་ཚོགས་དེས་རྒྱལ་ཁབ་ཁྱོན་ ༡༨༠ ལ་ཞིབ་འཇུག་བྱས་པའི་བརྒྱུད། རྒྱ་ནག་གི་གསར་འགོད་རང་དབང་ཞན་པའི་རྒྱལ་ཁབ་ཨང་རིམ་ ༡༧༨ པ་དང་། བྱང་ཀོ་རི་ཡ་ཨང་རིམ་ ༡༧༩། དེ་བཞིན་ཨ་ཕི་རི་ཀའི་ཨེ་རི་ཏྲིཡ་ཨ་རིམ་ ༡༨༠ བཅས། རྒྱ་ནག་དང་བྱང་ཀོ་རི་ཡ། ཨ་ཕི་རི་ཀའི་ཨེ་རི་ཏྲིཡ་གསུམ་ནི་འཛམ་གླིང་འདིའི་ཐོག་གསར་འགོད་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་གསུམ་པོ་དེ་ཡིན་མངོན་གསལ་གནང་ཡོད་པ་རེད།

གཞན་ཡང་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་གསུམ་ཆ་གཅིག་ནང་དཔལ་འབྱོར་གྱི་རྒྱབ་རྟེན་ཞན་པའི་རྐྱེན་གྱིས་གསར་ཁང་སྒོ་རྒྱབ་དགོས་བྱུང་བའི་གནས་སྟངས་ངོ་སྤྲོད་དང་འབྲེལ། རྒྱལ་ཁབ་ ༡༨༠ ནས་ ༡༦༠ ནང་གི་གསར་ཁང་ཁག་གི་གནས་སྟངས་དཀའ་ཁག་ཆེན་པོའི་སྒོ་ནས་འཚོ་གནས་བྱེད་བཞིན་ཡོད་པ་སོགས་གསལ་སྟོན་གྱིས། ཨ་རིའི་ནང་སྲིད་འཛིན་ཊམཔ་ཡི་སྲིད་གཞུང་གསར་པ་བསླེབས་ནས་རྒྱལ་སྤྱིའི་གསར་འགོད་རང་དབང་ལ་དོ་ཕོགས་ཤུགས་ཆེ་ཐེབས་ཡོད་སྐོར་བཀོད་འདུག

RANKING evolution Under embargo 2 May, 6 am CET.jpg
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོའི་ནང་རྒྱལ་ཁབ་ཁག་གི་གསར་འགོད་རང་དབང་གི་གནས་སྟངས་བང་རིམ་ལྟར་སྒྲིག་པའི་པར་རིས།

དེ་ཡང་ཊམཔ་སྲིད་གཞུང་འོག་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱིས་ཟླ་ ༣ ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་བའི་རྐྱེན་གྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད། རྒྱ་སྐད། ལའོ་སྐད་བཅས་ཀྱི་རླུང་འཕྲིན་ (Shortwave Radio)མཚམས་འཇོག་བྱས་དགོས་བྱུང་ཡོད་པ་མ་ཟད། རླུང་འཕྲིན་ཁང་གི་མཐོང་མཆན་འཛིན་མཁན་གྱི་གསར་འགོད་པ་ཚུད་པའི་ལས་བྱེད་མང་ཆེ་བ་ཕོགས་མེད་གུང་སེང་དུ་གཏོང་དགོས་བྱུང་སྟེ། བོད་ལྟ་བུ་གནས་ཚུལ་ཡོངས་ཁུངས་མེད་པའི་ནག་ལྡིང་དུ་འགྱུར་ཡོད་པ་རེད།

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོ་ཁུལ་གྱི་དྲིལ་བསྒྲགས་འགན་འཛིན་ཨེ་ལེཀ་སེན་དྲ་ (Aleksandra Bielakowska) ལགས་ཀྱིས། གནས་སྟངས་དེ་སྔར་ལས་ཀྱང་དཀའ་ངལ་ཆེ་བ་ཞིག་ལ་ངོས་འཛིན་ཆོག་པ་ཡིན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་མ་དངུལ་གཅོག་འཕྲི་བྱས་པའང་དེ་བཞིན་རེད། ང་ཚོའི་ཚོར་སྣང་ལ་གསར་འགོད་རང་དབང་མེད་པའི་ས་ཁུལ་ཁག་ཏུ་སོ་སོའི་ཡུལ་སྐད་ཐོག་གནས་ཚུལ་བཀོད་རྒྱུའི་གོ་སྐབས་དང་། རང་དབང་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་འདུག ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་ཨེ་ལེཀ་སེན་དྲ་ལགས་ཀྱིས། ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་ཞི་ཅིན་ཕིང་གྱིས་རྒྱ་ནག་ནང་དབང་ཆ་བཟུང་རྗེས་ཁོང་གིས། རྒྱ་ནག་ནང་གནས་ཚུལ་ཚོད་འཛིན་བྱས་ལུགས་དེ་བཞིན་རྒྱལ་ཁབ་གཞན་ནང་དུའང་ཁྱབ་གདལ་བྱུང་ན་བསམ་པའི་མངོན་འདོད་ཞིག་བཅངས་ཡོད་ཅེས་དང་། དཔེར་ན། ཝེཊ་ནམ་ནང་དྲ་རྒྱའི་ཐོག་ཚོད་འཛིན་དམ་དྲག་སོགས་དང་འབྲེལ་བའི་ཁྲིམས་ལུགས་ཕལ་ཆེ་བ་ནི། རྒྱ་ནག་གི་ (The Great Firewall of China) ཞེས་དྲ་རྒྱའི་ཐོག་གནས་ཚུལ་བཀག་འགོག་གི་ལམ་ལུགས་ནས་དཔེ་བླངས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྙན་ཐོའི་ནང་། གསར་འགོད་རང་དབང་ཨང་ ༡༧༣ ཅན་གྱི་ཝེ་ཡེཊ་ནམ་དང་ ༡༧༨ ཅན་གྱི་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནང་། གསར་འགྱུར་བརྒྱུད་ལམ་ཁག་ནི་རྒྱལ་ཁབ་ཀྱི་བདག་དབང་ཡིན་པའམ་ཡང་ན་རྒྱལ་ཁབ་སོ་སོའི་དམར་ཤོག་ཚོགས་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོགས་པ་ཁག་གི་ཚོད་འཛིན་འོག་ཡོད་སྟབས། རང་དབང་གསར་འགྱུར་ཁག་ལ་འཇིགས་སྐུལ་དང་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པའི་ཐོག་གནས་ཡོད་པ་གསལ་སྟོན་དང་སྦྲགས། གསར་འགོད་རང་དབང་གི་ཨང་རིམ་ ༡༦༩ ཐོག་ཡོད་པའི་མ་ཡན་མར་ནང་དམག་དཔུང་གིས་དབང་འཛིན་བྱས་པ་ནས་བཟུང་། རྒྱལ་ཁབ་དེའི་རང་དབང་ཅན་གྱི་བརྒྱུད་ལམ་མང་པོ་ཞིག་གཏོར་བཤིག་ཏུ་ཕྱིན་ཡོད་པ་དང་། གང་ལྷག་ཡོད་པ་དེ་དག་ཀྱང་གསང་བའི་ངང་བཙན་བྱོལ་ནས་ལས་ཀ་མ་བྱེད་ཐབས་མེད་དུ་གྱུར་ཡོད་པས། འཚོ་གནས་ཐུབ་པའི་ཡོང་འབབ་མེད་པའི་རྐྱེན་གྱིས་ལས་དོན་མུ་མཐུད་གཉེར་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། དེ་བཞིན་ཁེམ་བྷོ་ཌི་ཡ། (ཨང་རིམ་ ༡༦༡) དང་ཧོང་ཀོང་ (ཨང་རིམ་ ༡༤༠) བཅས་སུ་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཆེ་ཞིང་། གསར་འགོད་རང་དབང་གི་གནས་བབ་ཧ་ཅང་ཛ་དྲག་གི་གནས་སྟངས་སུ་གྱུར་བའི་རྐྱེན་གྱིས། གསར་ཁང་སྒོ་རྒྱག་སྟེ་གསར་འགོད་པ་ཚོ་ཕྱིར་བཙན་བྱོལ་དུ་བྲོས་དགོས་བྱུང་བ་མ་ཟད། གསར་ཁང་གི་མ་དངུལ་ཕལ་ཆེ་བ་ནི་གཞུང་དང་མཐུན་པའི་བརྒྱུད་ལམ་ཚོར་ཐོབ་ཀྱི་ཡོད་པ་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་པདྨ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎