༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་མཆོག་སླར་ཡང་ཨོ་སི་ཊི་ལི་ཡའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་ལི་ཡའི་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་(Anthony Albanese)མཆོག་གི་སྲིད་དོན་ཚོགས་པར་རྒྱལ་ཐོབ་སྟེ། ཁོང་ཉིད་སླར་ཡང་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག
དེ་ཡང་འཚམས་འཕྲིན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། "ངོས་རང་འདས་པའི་ལོ་མང་པོའི་རིང་ལ་ཨོ་སི་ཊི་ལི་ཡར་ཐེངས་མང་པོ་བསྐྱོད་རྒྱུའི་གོ་སྐབས་བྱུང་། ཨོ་སི་ཊི་ལི་ཡའི་གྲོགས་ཕོ་མོ་རྣམས་ཀྱིས་ང་ལ་བསྟན་པའི་མཛའ་བརྩེ་དང་བྱམས་སེམས་ཀྱི་རྣམ་འགྱུར་དེས་ང་ལ་ཚོར་བ་གཏིང་ཟབ་སྤྲད་བྱུང་ལ། ངོས་ཀྱིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་བརྩེ་དང་། སྙིང་རྗེ། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏང་རྒྱུའི་འབད་བརྩོན་ལ་ཁོང་ཚོས་སྤྲོ་སྣང་དང་བཅས་དོ་སྣང་བྱེད་བཞིན་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་།” ཞེས་དང་།
དེ་བཞིན་མགོན་པོ་མཆོག་གིས་མུ་མཐུད། "ངས་གོ་སྐབས་འདི་བཟུང་ནས་ཨོ་སི་ཊི་ལི་ཡའི་གཞུང་དམངས་གཉིས་ནས་བོད་མིའི་རང་དབང་དང་དང་ཆེ་མཐོང་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་བཀའ་སྩལ་འདུག
མཐའ་དོན་མགོན་པོ་མཆོག་གིས་སྐུ་ཞབས་ཨལ་བྷ་ནི་སི་མཆོག་ནས་ཡོང་འགྱུར་ཨོ་སི་ཊི་ལི་ཡའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་མདུན་དུ་ཡོད་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་བྱེད་པར་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་ཨོ་སི་ཊི་ལི་ཡའི་སྲིད་བློན་ཨལ་བྷི་ནི་སི་མཆོག་ལ་འཚམས་འདྲི་དང་འབྲེལ། ཨོ་སི་ཊི་ལི་ཡའི་གཞུང་ནས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་སྐྱབས་བཅོལ་གནང་བ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པའི་ཁར། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མི་རྣམས་ནས་འཐབ་རྩོད་གནང་བཞིན་པའི་སྐབས་སུ་ཨོ་སི་ཊི་ལི་ཡའི་གཞུང་དང་ལྷན་འབྲེལ་ལམ་སྲ་བརྟན་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།