༧གོང་ས་མཆོག་དང་འབྲེལ་བ་གཙང་བཅད་དགོས་པ་བོད་ནང་ལས་ཞུགས་ཀྱི་ཆ་རྐྱེན་གཙོ་བོར་བཞག་འདུག
བོད་ནང་ལས་ཀ་འཚོལ་སྐབས་དང་ལས་བྱེད་གནས་སྤར་སོགས་ཀྱི་སྐབས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་འབྲེལ་བ་གཙང་བཅད་དགོས་བ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཙོ་བོར་བཞག་འདུག་ལ་དེ་བཞིན་སློབ་གྲྭ་དང་ལས་བྱེད་གནས་སྤར་སོགས་ཀྱི་ཆ་རྐྱེན་དུ་བསམ་བློའི་ལངས་ཕྱོགས་རྒྱ་ནག་གཞུང་གིས་བརྗོད་པའི་ཏཱ་ལའི་རུ་ཚོགས་ཟེར་བ་དང་འབྲེལ་བ་གཙང་བཅད་དགོས་ཀྱི་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་གྲོང་ཁྱེར་ཁག་བདུན་གྱི་ནང་གཞུང་ཞབས་ལས་བྱེད་བསྡུ་རུབ་དང་། ས་གནས་སོ་སོར་གཞུང་ཞབས་པ་མི་གྲངས་ཇི་ཙམ་དགོས་མིན་གྱི་གྲངས་ཐོ། དེ་བཞིན་ལས་བྱེད་པ་གསར་བསྡུའི་ཆ་རྐྱེན་ཁག་འཁོད་པའི་ཁྱབ་བསྒྲགས་ཤིག་བྱས་འདུག་པ་དེིའི་ནང་། གྲོང་གསེབ་ཁུལ་དུ་ཚན་རིག་ལག་རྩལ་མི་སྣ་དང་སྨན་བཅོས་ཁྱབ་ཁོངས་ཀྱི་མི་སྣ། ཞིང་ལས་ལས་དོན་གྱི་ཆེད་ལས་མི་སྣ། སློབ་གསོ་ཚན་པའི་མི་སྣ་སོགས་བསྡུ་བཞིན་ཡོད་པ་དང་། ལས་བསྡུའི་ཆ་རྐྱེན་ནང་ཆབ་སྲིད་ཐོག་བློས་འཁེལ་ཆོག་པ་དགོས་རྒྱུ་འདི་ཨང་དང་པོར་བཞག་འདུག ལྷག་པར་དུ་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་ཐོག་མཐའ་གཅིག་ཏུ་སྐྱོད་དགོས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ཞེས་འབོད་པ་དང་མཐའ་གཅིག་ཏུ་འབྲེལ་བ་གཙང་བཅད་ཡིན་པ་དགོས་པ་ཐེར་འདོན་བྱས་འདུག
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྲིད་གཞུང་གི་གཞུང་འབྲེལ་བརྡ་ཐོ་དེ་ཕྱི་ཟླ་༡་ཚེས་༢༥་བཏོན་པ་ཞིག་ཡིན་པ་དང་། དེའི་ནང་འབྲེལ་ཡོད་ཚོས་ལངས་ཕྱོགས་གསལ་པོའི་ཐོག་ནས་ཁ་བྲལ་ལ་ངོ་རྒོལ་དང་། སྒེར་དང་ཁྱིམ་ཚང་གི་ནང་མི་རྣམས་སྤྱི་ཚོགས་དང་འབྲེལ་བའི་ཆབ་སྲིད་ཀྱི་རྙོག་ཁྲ་མེད་པར་ལོ་རྒྱུས་གཙང་མ་ཡོད་དགོས་པ་སོགས་ཀྱི་ཆ་རྐྱེན་མང་དག་ཅིག་བཏོན་འདུག
འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་ཆེད་ལས་མི་སྣར་ཚང་དགོས་པའི་ཤེས་ཡོན་དང་ཆེད་ལས་ཀྱི་འཇོན་ཐང་ལས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་པའི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་ཀྱི་གོ་རྟོགས་ཁག་གལ་ཆེ་བར་ངོས་འཛིན་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཞུང་འབྲེལ་གྱི་ལས་བསྡུའི་བརྡ་ཁྱབ་འདི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ། ཆབ་མདོ། ཀོང་པོ། མངའ་རིས་བཅས་གྲོང་ཁྱེར་གྱི་སྒྲིག་འཛུགས་ཚན་པ་དང་མི་ནུས་ཐོན་ཁུངས་ཚན་པ། དེ་བཞིན་སྤྱི་ཚོགས་འགན་ལེན་ཚན་པ་བཅས་ཐོུང་གིས་བཏང་པ་ཞིག་རེད་འདུག
ད་ལྟ་བོད་ནང་ལས་ཀ་དང་སློབ་གྲྭར་ཞུགས་མཁན་དང་། ལས་ཁུངས་ནང་ལས་བྱེད་གནས་སྤར་སོགས་གང་ཡིན་རུང་ཚང་དགོས་པའི་ཆ་རྐྱེན་དུ་བོད་ཀྱི་བླ་སྲོག་དང་འབྲེལ་བའི་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་གཙང་བཅད་བྱེད་དགོས་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མེད་པ་ཞིག་དགོས་རྒྱུ་ཁག་བཏོན་བཞིན་ཡོད་པ་བོད་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མི་ཞིག་ལ་གདེང་འཇོག་ཇི་འདྲ་དགོས་མིན་ཡང་༧གོང་ས་མཆོག་དང་འབྲེལ་བ་ཡོད་མེད་རག་ལས་ཡོད་པ་དང་། རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིས་སྟངས་འཛིན་འོག་ཡོད་པའི་བོད་མིར་འཛིན་སྐྱོང་བྱེད་སྟངས་ནི་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོར་དད་གུས་ཞུ་དང་མི་ཞུ་གཉིས་ཀྱི་གདམ་ཀར་ཐུག་ཡོད་པ་བོད་ནང་གི་མི་སྣ་ཞིག་གིས་བློ་ཕམ་དང་སེམས་འཚབ་ངང་བརྗོད་བྱུང་།
དེ་བཞིན་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་དེས། རྒྱ་ནག་གི་མི་རིགས་རང་སྐྱོང་གི་ཁྲིམས་གཞིའི་ནང་ས་གནས་རང་གི་མི་རིགས་ལ་ཐོབ་ཐང་ཆེ་བ་ཡོད་པ་བཀོད་ཡོད་ན་ཡང་། ད་རེས་ཀྱི་ལས་བསྡུའི་བརྡ་ཁྱབ་ནང་བོད་པར་ཐོབ་ཐང་ཆེ་བ་ཡོད་པ་ཟུར་ཙམ་ཡང་བསྟན་མེད་པ་དེས་དོན་དངོས་སུ་མི་རིགས་ཀྱི་ཐོབ་ཐང་སྤྲོད་ཀྱི་མེད་པ་གསལ་པོ་ཡིན་པ་བརྗོད་བྱུང་།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།