ཕྱི་ཚེས་༣༠ཉིན་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སྐུ་གྲོངས་ཡོད་པ།
2016.01.30

གཞོན་ནུ་ལྷན་ཚོགས།
༄༅། །སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ལགས་ཡུན་རིང་སྙུང་གཞི་བཞེས་པའི་རྐྱེན་གྱིས་ཁ་ས་སྤྱི་ཚེས་༣༠འི་ཞོགས་པར་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་པ་དང་། ཁོང་སྐུ་གྲོངས་སྐབས་དགུང་གྲངས་ ༦༧ ལ་ཕེབས་ཡོད་པ་རེད་འདུག
དེའང་ཀརྨ་ཆོས་འཕེལ་ལགས་ནི་སྤྱི་ལོ་༡༩༤༩ལོར་བོད་མངའ་རིས་ཀྱི་སྐྲ་བདུན་དུ་འཁྲུངས་ཤིང་། དེ་ནས་སྤྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཕེབས་པ་དང་སློབ་གྲྭ་འགྲིམ་རྗེས། སྤྱི་ལོ་༡༩༧༣ལོར་སྤེལ་ཀོབ་གཞིས་ཆགས་གསར་རྙིང་སུ་བོད་གཞུང་ནས་འཕྲལ་སེལ་དགེ་རྒན་དུ་ཆེད་གཏོང་གནང་ཡོད་པ་དང་། དེ་ནས་སྦེང་ལོ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་གནང་བཞིན་མཐོ་སློབ་ཐོན་རྗེས་སྦེལ་ཀོབ་ཏུ་སླར་ཡང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་ལ། དེ་ནས་རིམ་བཞིན་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་དང་། བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་བཞེས་པ་དང་། དེ་བཞིན་བོད་མི་དམངས་སྤྱི་འཐུས་སོགས་གནང་ཡོད་པ་རེད་འདུག་ལ། སྤྱི་ལོ་༡༩༩༠ལོར་༧གོང་ས་མཆོག་ནས་སྐབས་༡༡པའི་སྤྱི་འཐུས་ལྷན་ཚོགས་དེ་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཞིག་ཏུ་བསྒྱུར་ཐུབ་པའི་དགོངས་བཞེས་ཡོད་པ་ལྟར་། མི་དམངས་ཀྱིས་ཀརྨ་ཆོས་འཕེལ་ལགས་སྐབས་བཅུ་གཅིག་པའི་སྤྱི་འཐུས་སུ་འོས་འདེམས་བྱས་པ་ནས་བཟུང་། སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པ། སྐབས་བཅུ་བཞི་པ་བཅས་ཀྱི་དབུས་གཙང་སྤྱི་འཐུས་སུ་འོས་འདེམས་བྱས་པ་མ་ཟད་། ད་དུང་ཀརྨ་ཆོས་འཕེལ་ལགས་ནས་སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོའི་ལས་འགན་བཞེས་ཤིང་། དེ་ནས་བོད་མི་དམངས་སྤྱི་འཐུས་སྐབས་བཅོ་ལྔ་པའི་ནང་། ཁོང་བཀའ་བརྒྱུད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་ལས་འགན་བཞེས་བཞིན་པའི་སྐབས་དེར། ཁ་ས་སྤྱི་ཟླ་དང་པོའི་ཚེས་༣༠འི་ཐོ་རངས་སུ་བཞུགས་སྒར་རྡ་རམ་ས་ལར་སྐུ་གྲོངས་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དེ་སྔ་ནས་སྙུང་གཞི་བཞེས་ཤིང་དྲག་སྐྱེད་མ་བྱུང་བར་བརྟེན་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་པ་རེད་འདུག།
གསར་འགོད་པ་ཀུན་བཟང་རིག་འཛིན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།