བྱམས་པ་དང་བརྩེ་བས་ང་ཚོ་འཆམ་མཐུན་བཟོ་བཞིན་ཡོད།

༧གོང་ས་མཆོག་གིས་འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་པས་བྱམས་པ་དང་བརྩེ་བའི་ནུས་བས་ང་ཚོ་འཆམ་མཐུན་བཟོ་བཞིན་ཡོད་པ་གསུངས་འདུག།

2012.09.26

དེ་ཡང་ཚེས་ ༢༤ ཉིན། ཝི་ཏི་ནམ་ལྷོ་བྱང་ས་ཁུལ་ནས་ནང་པ་མི་གྲངས་ ༡༠༢ བཞུགས་སྒར་དུ་༸གོང་ས་མཆོག་མཇལ་བཅར་དུ་ཕེབས་ཡོད་པ་དང་། ཁོང་རྣམས་ནི་ཝི་ཏི་ནམ་ཚོང་དོན་སྒྲིག་འཛུགས་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཡིན་པར། སྐབས་དེར་། གོང་ས་མཆོག་གིས་། ངོས་ཀྱིས་རྒྱུན་ལྡན་མི་གཞན་དང་ཐུག་སྐབས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་ཡིན་པའི་ངོས་ནས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཡིན་པ་མ་ཟད། ང་ཚོ་ཚང་མ་འདོད་ཆགས་དང་ཞེ་སྡང་། ང་རྒྱལ། ཕྲག་དོག་སོགས་ཉོན་མོངས་པས་གཞན་དབང་དུ་གྱུར་ཡང་། དེའི་གཉེན་པོ་བྱམས་པ་དང་བརྩེ་བ་སོགས་རྒྱུད་ལ་གོང་འཕེལ་གཏོང་རྒྱུའི་ནུས་པ་ལྡན་ཡོད་པ་གཅིག་མཚུངས་ཤིག་ཆགས་ཡོད་པ་དང་། བོད་རིགས་དང་ཝི་ཏི་ནམ་མི་རིགས་སུ་འདྲ་ཞིག་ཡིན་རུང་། མའི་མངལ་ནས་ཐོག་མར་སྐྱེས་སྟངས་དང་མཐར་འཆི་བའི་གནས་སྟངས་སོགས་ལ་གཞིགས་ཚེ་། གཅིག་པ་ཆགས་ཡོད་ལ། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང། བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡོད་པའང་གཅིག་མཚུངས་ཆགས་ཡོད་པས། དེར་བརྟེན་ང་ཚོས་ཕན་ཚུན་རྩོད་པ་བྱས་ན་དགོས་པ་གང་ཡང་མེད་པ་དང་། གལ་ཏེ་ང་ཚོའི་དབར་རིགས་རུས་དང་ཆོས་ལུགས། ལྟ་གྲུབ་སོགས་མི་འདྲ་བ་ཕྲན་བུ་ཡོད་པ་དེར་གཙིགས་ཆེན་པོར་འཛིན་ཚེ་། རང་བཞིན་གྱིས་ང་ཚོའི་དབར་ཁྱད་བར་ཡོང་རྒྱུ་ཡིན་པ་དང་། ཁྱད་བར་དེ་ལ་བརྟེན་ནས་ཕན་ཚུན་འཁྲུག་འཛིང་དང་གསོད་རེས་བྱེད་པ་སོགས་། དེ་སྔ་ཝི་ཏི་ནམ་དམག་འཁྲུག་སྐབས་སུའང་བྱུང་ཡོད་པ་དང་། དཀའ་ངལ་དེ་དག་ང་ཚོ་མིས་བཟོས་པ་ཞིག་ཆགས་ཡོད་ཅིང་། འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་པར་བརྟེན། རང་བཞིན་གྱིས་བྱམས་པ་དང་བརྩེ་བའི་ནུས་པ་ལྡན་པ་དང་། བྱམས་པ་དང་བརྩེ་བས་ང་ཚོ་འཆམ་མཐུན་བཟོ་བཞིན་ཡོད་། ཅེས་བཀའ་སློབ་བསྩལ་རྗེས། ཞལ་ཤོབ་ཐོག ༸གོང་ས་མཆོག་གིས་དམར་ཤོག་འགོ་ཁྲིད་ལྟ་བུ་གཅིག་གིས་གཏམ་བཤད་བྱེད་ཀྱང་བྱས་པ་དེ་འདྲར་ཐུགས་མཉེས་པོ་གནང་གི་མེད་པར་གསུངས་ཤིང་། ཕན་ཚུན་བགྲོ་གླེང་མཛད་རྒྱུའི་དགོངས་འཆར་ཡང་འདོན་གནང་མཛད་པ་མ་ཟད། སྐབས་དེར་མི་ཞིག་གིས་བཏོན་པའི་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་ཐུབ་མིན་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་ཡང་བསྩལ་གནང་མཛད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎