ཤུགས་ལྡན་ཚོཊ་པའི་ངོ་རྒོལ་དྲིལ་བསྒྲགས་ཀྱི་ཡིག་པང་མར་ཕབ་པ།
2015.07.09
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་ངོ་རྒོལ་དྲིལ་བསྒྲགས་ཀྱི་ཡིག་པང་མར་ཕབ་དགོས་བྱུང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཆིབས་བསྒྱུར་ཞབས་སོར་འཁོད་པ་དང་བསྟུན། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་གནང་ཡུལ་ Javits Centerཚོགས་ཁང་ཆེན་མོ་དེའི་མདུན་ཕྱོགས་སུ་ཏག་ཏག་འཁེལ་མཚམས་ལ། དོལ་རྒྱལ་གྱི་པར་རིས་ཆེན་པོ་ཞིག་དང་དེའི་གཡས་ཕྱོགས་སུ་ཏཱ་ལའི་བླ་མ་རྫུན་མ་བཤད་ཅེས་བའི་བརྗོད་ཚིགས་འཁོད་པའི་ངོ་རྒོལ་ཁྱབ་བསྒྲགས་ཀྱི་ཡིག་པང་ཆེན་པོ་ཞིག་ཕྱི་ཚེས་༧ གྱི་མཚན་མོར་བཀོད་བཤོམ་བྱས་ཡོད་པ་རེད། འོན་ཀྱང་ས་གནས་དང་ཕྱི་ནང་གི་བོད་མི་ཚོས་དོལ་རྒྱལ་ཚོགས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨས་ཞུ་བའི་ཁྱབ་བསྒྲགས་ཀྱི་ཡིག་པང་དེ་མཐོང་མ་ཐག་ཁྱབ་སྒྲགས་ཀྱི་ཡིག་དཔང་མར་ཕབ་དགོས་རྒྱུར་ཁྱབ་བསྒྲགས་ཡིག་པང་བཀོད་སའི་བདག་པོའི་ལས་ཁུངས་དང་། འབྲེལ་ཡོད་ལ་ལག་ཐོག་ཁ་པར། དེ་བཞིན་གློག་འཕྲིན་སོགས་བརྒྱུད་ནས་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་ཚ་ནན་ཞིག་སྤེལ་ཞིང་། མཐར་ཕྱི་ཚེས་ ༨ཀྱི་ཕྱི་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་ཁྱབ་བསྒྲགས་ཡིག་པང་བདག་པོས་ཀྱང་དོལ་རྒྱལ་ཚོགས་པའི་ཁྱབ་བསྒྲགས་ཀྱི་ཡིག་པང་དེ་མར་ཕབ་དགོས་པ་བྱུང་ཡོད་པ་རེད།
ནིའུ་ཡོག་གྲོང་ཁྱེར་དང་དེ་མིན་གྱི་ས་ཁུལ་མང་པོའི་ནང་ཁྱབ་བསྒྲགས་ཀྱི་ཡིག་པང་བརྒྱ་ཕྲག་མང་པོ་བདག་ཏུ་གཉེར་མཁན་Atlanticདྲིལ་བསྒྲགས་ཡིག་པང་ཟེར་བ་དེ་ཡིན་ཞིང་། དོལ་རྒྱལ་ཚོགས་པས་དངུལ་འབོར་ཆེན་སྤྲད་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨས་འཁོད་པའི་ཁྱབ་བསྒྲགས་ཡིག་པང་དེའི་རིང་ཚད་ལ་ཧྥེ་ཊི་༤༠དང་། ཞེང་ལ་ཧྥེ་ཊི་ ༣༠ཙམ་ཡོད་འདུག
བོད་མི་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཚོས་དོལ་ཚོགས་ཀྱི་ཁྱབ་བསྒྲགས་ཡིག་པང་མར་ཕབ་ཐུབ་པ་འདི་ནི་འཛམ་གླིང་ས་ཕྱོགས་གང་ས་དང་། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་མི་ཚོས་གཅིག་བསྒྲིལ་གྱི་ནུས་པ་མཉམ་སྤུངས་བྱས་པའི་གྲུབ་འབྲས་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་བདེ་བསྐྱིད།
ཤུགས་ལྡན་ཚོཊ་པའི་ངོ་རྒོལ་དྲིལ་བསྒྲགས་ཀྱི་ཡིག་པང་མར་ཕབ་དགོས་བྱུང་སྐབས་ཀྱི་བརྙན་ཐུང་གཤམ་ནས་གཟིགས་ཐུབ།