བལ་ཡུལ་ནང་བོད་མི་ཞིག་གིས་རང་སྲེག
2013.02.13
༄༅། །ས་གནས་ནས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། རང་སྲེག་གནང་མཁན་གྱི་བོད་མི་དེས་མཆོད་བརྟེན་གྱི་སྒོ་འགྲམ་ནས་སྐོར་ལམ་བརྒྱུད་སྐུ་ལུས་མེར་སྲེག་ནས་རྒྱུག་ཡོང་བའི་སྐབས་ཁོང་གི་གཟུགས་པོ་ཡོངས་ལ་མེ་འབར་ནས་ཉེ་འཁྲིས་སུ་ཡོད་པའི་མི་ཚོར་ཡང་མེ་དྲོད་ཀྱི་འཚོར་བ་ཤུགས་ཆེ་བྱུང་ཡོད་པ་དང་། སྐུ་ལུས་མེར་སྲེག་གཏོང་གནང་མཁན་དེས་རང་ལུས་མེར་སྲེག་བཏང་ནས་མེ་འབར་བའི་སྐབས་ས་གནས་ཉེན་རྟོག་པས་ཁོང་མགྱོགས་མྱུར་ཉེ་ཁྲིས་སྨན་ཁང་དུ་བསྐྱལ་ཡོད་པ་རེད་འདུག ཡིན་ནའི་གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱི་བརྗོད་པར་གཞིགས་ན། ཁོང་གི་ལུས་པོ་ཁྱོན་ཡོངས་ནས་ཚིག་སྟེ། དྲན་པ་འཐོར་བའི་གནས་སྟངས་འོག་སྨན་ཁང་དུ་ཛ་དྲག་གི་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་།
ད་ལྟའི་ཆར་ཁོང་ཤི་སོན་ག་རེ་བྱུང་མིན་ཤེས་རྟོགས་གང་ཡང་མེད་པས་མ་ཟད། ཁོང་སུ་ཡིན་མིན་སོགས་ཀྱི་ཁུངས་ལྡན་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཤེས་རྟོགས་གང་ཡང་མེད་པ་རེད། ད་བར་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱས་པར་བོད་ཕྱི་ནང་གཉིས་ནས་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ཏེ་ངོ་རྒོལ་གནང་ཡོད་པ་དང་། དེའི་ནང་ནས་བོད་མི་མང་ཆེ་བ་འདས་གྲོངས་སུ་ཕེབས་ཡོད་པ་རེད། བལ་ཡུལ་ནང་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་གནང་མཁན་ད་རེས་ཐེངས་གཉིས་པ་དེ་ཡིན་ཞིང་། དེའི་གོང་ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་བཅུ་༡༡ནང་བོད་མི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་གནང་ཡོད་པ་རེད།།