ཨ་རིའི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་སོགས་ཀྱི་འབྲེལ་ཡོད་ཚོས་བོད་ལ་(Xizang)་ཞེས་བའི་ཐ་སྙད་བེད་སྤྱོད་གནང་རྒྱུ་མིན་པ་གསུངས་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་(Tibet)་ལ་(Xizang)་ཞེས་མིང་བསྒྱུར་ཐབས་བྱེད་བཞིན་པའི་ལམ་ལུགས་གཏན་འབེབས་བྱས་བ་ནི་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་དང་འབྲེལ་བའི་ཛ་དྲག་རང་བཞིན་ཅན་ཡིན་པ་འདི་ཚེས་༡༩གཟའ་ཕུར་བུའི་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་ལེ་ཚན་སྐབས་གསུངས་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་སྲིད་ལས་ཁུངས་དང་། གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་སྐབས། བོད་ལ་(Xizang)་ཟེར་བའི་ཐ་སྙད་དེ་དུས་ནམ་ཡང་བེད་སྤྱོད་མི་གནང་བའི་འབོད་སྐུལ་གནང་ཡོད་འདུག་ལ། ཁོང་རྣམ་པས་ཀྱང་དེ་རྩ་བ་ནས་བེད་སྤྱོད་བྱེད་རྒྱུ་མིན་པའི་ཁས་ལེན་ཡང་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་དམངས་ཀྱི་ངོས་ནས་བོད་དོན་འཐབ་རྩོད་བྱེད་བཞིན་པའི་གདེང་འཇོག་བྱ་ཡུལ་གཙོ་བོ་ནི། བོད་ནང་གི་གཞི་ལུས་མི་དམངས་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་ལ་རག་ལས་ཡོད་པ་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་ཙམ་ཡང་བསླབ་ཁྲིད་མི་ཆོག་པའི་སྲིད་བྱུས་སོགས་བོད་ཀྱི་ཆོས་དང་རིག་གཞུང་ཡོངས་སུ་མེད་པ་བཟོ་ཐབས་བྱེད་བཞིན་པའི་དུས་འདིར། བོད་ནང་གི་བོད་མི་སྤྱི་དང་ལྷག་པར་དུ་སློབ་གྲྭ་འགྲིམ་བཞིན་པའི་བོད་ཕྲུག་ཚོའི་ཁྱིམ་བདག་ཕ་མ་ཚོས་ངེས་པར་དུ་རང་ཁྱིམ་དུ་བོད་སྐད་བཤད་རྒྱུ་དང་བོད་ཡིག་སློབ་ཁྲིད་སོགས་གང་ཐུབ་གནང་དགོས་པ་གསུངས་ཤིང་། རྒྱ་ནག་གཞུང་གི་སྲིད་བྱུས་འདི་དག་ནི་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་བཅའ་སྡོད་སློབ་གྲྭའི་ནང་འགྲོ་འཇུག་པ་དང་། དེའི་ནང་ནས་བྱིས་པ་ལོ་གསུམ་ནས་དྲུག་ཙམ་ལས་མིན་པ་འབུམ་གཅིག་དང་ཁྲི་ལྔ་ཙམ་ལ་དམིགས་བསལ་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པ་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་སྐབས་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ནང་ཕེབས་ནས་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་གྱི་གྲོས་འགོ་བཏོན་ཟིན་པ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་(Resolution to the Tibet-China Conflict Act)་གང་མགྱོགས་གཏན་འབེབས་ཡོང་ཐབས་གྲོས་ཚོགས་ཀྱི་འཐུས་མི་ཚོར་སྐུལ་མ་གནང་ཡོད་པ་བཞིན། གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ་དང་མཇལ་འཕྲད་སྐབས་གྲོས་འགོ་འདོན་མཁན་གྱི་འཐུས་མི་ཙམ་མིན་པར་འཐུས་མི་གཞན་ཁག་གིས་ཀྱང་དེར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་པ་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཐོག་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འཆར་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཆེད་བསྐོས་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་སུ་བསྣམ་ཕེབས་རྒྱུ་ཡིན་སྟབས། སྤྱི་འཐུས་གྲོས་ཚོགས་ནས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་གནང་རྒྱུར་སྲིད་སྐྱོང་མཆོག་གི་ངོས་ནས་ཡིད་ཆེས་གནང་གི་ཡོད་ཅེས་དང་། ལས་ཀྱི་སྣེ་མོ་བ་དང་གཞི་རིམ་མི་དམངས་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འགྲོ་གཞིའི་ལས་ཀ་དུས་ནམ་ཡང་མི་ཡོང་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་།
སྲིད་སྐྱོང་མཆོག་གིས་ཕྱི་ཟླ་༡༠ཚེས་༡༩ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ། ཨ་རིས་བཙན་བྱོལ་བོད་མིར་གནང་བཞིན་པའི་རོགས་དངུལ་གཏོང་ཕྱོགས་སོགས་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་ཡོད་འདུག
བཅར་འདྲི་ཆ་ཚང་གཤམ་ནས་གཟིགས་ཐུབ།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།