༸གོང་ས་མཆོག་གི་འབྲས་ལྗོངས་ཁུལ་གྱི་མཛད་འཆར།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་ཁུལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་འདུག

2010.12.16

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཀ་སྦུག་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་གནང་གིས་ཁ་ས་ཚེས་བཅོ་ལྔ་ཉིན་འབྲས་ལྗོངས་མངའ་སྡེའི་ནང་ཐད་འཕུར་གནམ་གྲུ་བརྒྱུད་ཞབས་སོར་བདེ་བར་འཁོད་གནང་མཛད་པའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། བློན་གཞོན་ཁག་ཅིག་ཆེད་བཅར་ཞུས་གནང་ཡོད་པ་དང་དེ་བཞིན་ས་གནས་དེར་རྟེན་གཞི་བྱེད་པའི་རྙིང་མའི་དགོན་པ་པད་མ་དབྱངས་རྩེའི་དགེ་འདུན་རྣམས་དང་། མང་ཚོགས་ནས་ཀྱང་དད་གུས་ཆེན་པོས་ཕེབས་བསུ་ཞུས་ཡོད་འདུག

འདི་ཚེས་བཅུ་དྲུག་དང་བཅུ་བདུན་ཉིན་གཉིས་རིང་ཁུལ་དེར་སྐུ་མཚམས་བཞུགས་གནང་རྒྱུ་དང་། དེ་ནས་ཚེས་བཅོ་བརྒྱད་ཉིན་འབྲས་ལྗོངས་ལྷོ་ཕྱོགས་ཁུལ་གྱི་ར་བྷང་ལ་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་ནས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་གནང་རྒྱུ། རིམ་བཞིན་ཚེས་བཅུ་དགུ་ཉིན་མངའ་སྡེའི་གཞུང་ནས་གསར་བཞེངས་ཞུས་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་སྩལ་གནང་གི་ཡོད་པ་རེད། ཡང་མཛད་འཆར་གཞིར་བཟུང་ལྟར་ན། ཚེས་ཉི་ཤུ་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་ཞབས་སོར་འཁོད་གནང་གིས་རྣམ་རྒྱལ་བོད་རིག་པའི་ལྟེ་གནས་ཁང་ནས་གོ་བསྒྲིགས་ཞུས་པའི་ཤར་ཕྱོགས་པའི་གོམས་སྲོལ་དང་དེང་དུས་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་གནང་རྒྱུ་ཡིན་པ་རེད། འདི་ལྟབུའི་ལྷན་ཚོགས་བསྐོངས་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། མངའ་སྡེའི་གཞུང་ནས་ལྷན་ཚོགས་འདི་བསྐོངས་ཚོགས་གནང་དགོས་པའི་དམིགས་ཡུལ་ནི་གཞི་རིམ་སློབ་གྲྭ་ཁག་གི་ནང་། བཟང་སྤྱོད་ཀྱི་ལྟ་གྲུབ་གོ་རྟོག་སྤེལ་ཐབས་ཆེད་ཡིན་འདུག དེ་ནས་ཚེས་ཉི་ཤུ་གཅིག་དང་གཉིས་ཉིན་གཉིས་རིང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ལམ་སེམས་འགྲེལ་དང་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་ཐུགས་གྲུབ་ཡང་སྙིང་ཀུན་འདུས་ཀྱི་གསུངས་ཆོས་བཀྲིན་སྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎