ཀ་ལོན་སྦུག་ཏུ་༸གོང་ས་མཆོག་ནས་བསྩལ་བའི་བཀའ་སློབ།
2010.12.15
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་༡༤འི་ཉིན་རྒྱབ་ཏུ་རྒྱ་གར་གྱི་མངའ་ཁུལ་ཀ་ལོན་སྦུག་དུ་གསར་འགོད་པ་ཚོར་བཀའ་སློབ་སྩལ་ཡོད་པ་དང་ དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱིས་དུས་རྒྱུན་འགན་ཁུར་གཙོ་བོ་གསུམ་གྱི་ཐོག་ནས་ལས་འགུལ་སྤེལ་ཐབས་གནང་བཞིན་པའི་སྐོར་བཀའ་གནང་ཡོད་པ་དང་འགན་ཁུར་གཙོ་བོ་གསུམ་གྱི་ནང་ནས་ཐོག་མ་དེ་ནི་༧གོང་ས་མཆོག་གང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་ ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པར་བརྟེན་ ད་ལྟའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ནི་འཛམ་གླིང་ས་ཁུལ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པའི་འབྲེལ་བ་དེ་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོད་པ་དང་ གནམ་གཤིས་དང་གོ་ལའི་དཔལ་འབྱོར་སོགས་ཀྱི་གནས་སྟངས་གང་སྤྱིའི་ཐོག་ནས་ང་ཚོ་ཕན་ཚུན་རྟེན་དགོས་པ་ཞིག་ཆགས་ཡོད་ དེར་བརྟེན་འགྲོ་བ་མི་རིགས་ཚང་མ་གཅིག་པ་ཡིན་བསམ་པའི་གཅིག་འགྱུར་གྱི་བསམ་བློ་གཏོང་དགོས་པ་ལས་ང་ཚོ་དང་ཁོང་ཚོ་ཞེས་ས་མཚམས་ཆེན་པོ་ཕྱེས་ཏེ་རང་རྒྱལ་གཞན་ཕམ་བྱེད་རྒྱུ་དེ་གདོད་མའི་སྤྱི་ཚོགས་ཀྱི་བསམ་བློ་ཞིག་ཡིན་ཞིང་བསམ་བློ་གཏོང་སྟངས་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་དང་ ད་ཆ་དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ནི་རང་གི་ཁྱིམ་མཚེས་ལ་ཕམ་ཉེས་བྱུང་བ་དེ་རང་གི་ཕམ་ཉེས་ཆགས་ཡོད་པ་སོགས་བཀའ་སྩལ་འདུག་ལ་ཡང་༧གོང་ས་མཆོག་ནས་འགན་ཁུར་གཉིས་པ་དེ་ནི་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་བྱ་རྒྱུ་དེ་ཡིན་ཞིང་ འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མར་ཕན་ཚུན་ལྟ་གྲུབ་གྱི་རྣམ་གཞག་འདྲ་ཡིན་ཡོད་མེད་ལ་མ་ལྟོས་པར་ནང་བསམ་བློའི་བདེ་སྐྱིད་བསྐྲུན་རྒྱུར་ནུས་པ་ཡོད་པ་གཅིག་མཚུངས་ཡིན་པ་དང་ བྱམས་བརྩེའི་ཉམས་ལེན་བཟོད་བསྲན་ ཚུལ་ཁྲིམས་བསྲུང་རྒྱུ་སོགས་ཀྱི་བཟང་པོའི་བསླབ་བྱ་དེ་དག་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་ཡོད་ དེར་བརྟེན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན་ཡོང་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་བཀའ་གནང་འདུག དེ་བཞིན་༧གོང་ས་མཆོག་གིས་འགན་ཁུར་གསུམ་པ་དེ་བོད་ཀྱི་དཀའ་ངལ་དེ་ཡིན་པ་བཀའ་སྩལ་ཡོད་ཅིང་ ༧གོང་ས་མཆོག་གིས་སྐུ་ཉིད་བོད་མི་ཞིག་ཡིན་པ་དང་ ལྷག་པར་དུ་ཏྰ་ལའི་བླ་མའི་མིང་ཞིག་ཡོད་པར་བརྟེན་ནས་གཞིས་བྱེས་བོད་མི་བརྒྱ་ཆ་༩༩ཙམ་གྱིས་གང་ཉིད་ལ་ཡིད་ཆེས་བློས་འགེལ་བྱེད་བཞིན་ཡོད་སྟབས་ཁོང་ཚོའི་ཞབས་འདེབས་སྒྲུབ་རྒྱུའི་བཟང་ཕྱོགས་ཀྱི་འགན་ཞིག་ཡོད་པ་བཀའ་གནང་འདུག་ལ་ ཉེ་བའི་ཆར་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་བཀའ་གནང་བཞིན་པ་དེ་ཡང་བོད་ཀྱི་གནད་དོན་འགན་ཁུར་ལེན་གྱི་མིན་པའི་གོ་དོན་རྩ་བ་ནས་མིན་ཞེས་བཀའ་སློབ་གསལ་པོ་སྩལ་ཡོད་པ་མ་ཟད་ གསར་འགོད་པ་ཚོར་ཡང་རྒྱབ་མདུན་གཉིས་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ཧ་ཅང་གི་གལ་ཆེ་ཡིན་པ་བླངས་དོར་གྱི་བཀའ་སློབ་སྩལ་གནང་མཛད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག