རྒྱ་ནག་གཞུང་གིས་བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག

2020.12.04
རྒྱ་ནག་གཞུང་གིས་བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་འདུག སྙན་ངག་པ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་གློ་བུར་དུ་འཛིན་བཟུང་བྱས་ཤིང་། གར་ཡོད་ཤེས་རྟོགས་མེད་པ་རེད་འདུག
Photo: RFA

 སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ༡༢ ཚེས་༢རེས་གཟའ་ལྷག་པའི་ཉིན་མདོ་སྨད་རེབ་གོང་ནས་ཡིན་པའི་རྩོམ་པ་པོ་དང་སྙན་ངག་པ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་མ་བྱས་པར་གློ་བུར་དུ་འཛིན་བཟུང་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མིང་འབོད་གནང་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ན། རྒྱ་ནག་སྲིད་གཞུང་གིས་རྒྱུན་དུ་ནས་དགེ་འདུན་ལྷུན་གྲུབ་ལགས་ཀྱི་འགྲོ་འདུག་གི་བྱ་བར་ཞིབ་རྟོག་དང་དམ་བསྒྲགས་བྱེད་མུས་ཡིན་འདུག་ལ་ད་ལྟའི་ཆར་ཁོང་གར་ཡོད་དང་བཀག་ཉར་ཁང་གང་དུ་ཡོད་མེད་སོགས་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད་པ་རེད་འདུག
ཁོང་གི་གནས་སྟངས་ཇི་འདྲ་ཡིན་མིན་སོགས་དེ་བས་གནས་ཚུལ་ཁ་གསལ་ཤེས་རྟོགས་མེད་པའི་སྐོར་བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་རེབ་གོང་ནས་ཡིན་པའི་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་དང་།
གློ་བུར་དུ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་དགེ་འདུན་ལྷུན་གྲུབ་ལགས་ནི་མདོ་སྨད་རེབ་གོང་དུ་ཆགས་པའི་རོང་བོ་དགོན་ཆེད་བདེ་ཆེན་བཤད་སྒྲུབ་གླིང་གི་དགེ་འདུན་པ་ཞིག་ཡིན་པ་དང་།
ཁོང་གིས་ རྒྱ་ནག་གཞུང་གིས་དེ་སྔ་ནས་འདྲི་རྩད་དང་བཀག་ཉར་ཐེངས་མང་བྱས་མྱོང་ཡོད་པ་བོད་མི་ཁོང་གི་ངོ་སྤྲོད་གནང་ཞིང་། ཁོང་གིས་བརྩམས་པའི་དཔེ་དེབ་གསར་ཤོས་(འཁོར་བ་) ཞེས་པ་དེ་ ༢༠༢༠ལོའི་སྤྱི་ཟླ་ ༡༠ པའི་ནང་འདོན་སྤེལ་གནང་འདུག སྙན་ངག་གི་དཔེ་དེབ་འདི་དང་འབྲེལ་བའི་སྐོར་ཁོང་གིས་ཝ་སེང་བྲག་རྩོམ་རིག་དྲ་བའི་ཐོག་འགྲེལ་བརྗོད་ཞིག་གནང་འདུག་པ་དེའི་ནང་།
གུས་པའི་སེམས་དོན་ཡོངས་སུ་རྟོགས་ཤིང་། བསེར་བུའི་རྒྱུ་ལམ་ལྟ་བུའི་ལག་པ་ད་དུང་སྨྱུ་གུར་འཇུས་པའི་ཚེ། མི་ཐེག་པ་དང་མི་ཕོད་པ། མི་ནུས་པ་གང་ཡིན་པ་གཡས་གཡོན་གང་རུང་ལ་བཞག་ནས་དགའ་ས་དང་སྤྲོ་ས། འཇུག་བཞིན་པ་དང་འཇུག་ནུས་པའི་ལམ་ལ་བཀའ་བཀོད་གང་གི་ངོར་མ་བལྟས་པར་ཞུགས་པ་ལ་ཀུན་གྱིས་རྒྱབ་སྐྱོར་འོང་བར་སྨོན་ཞེས་བྲིས་གནང་འདུག
གོང་ཞུས་མིང་འབོད་གནང་འདོད་མེད་པའི་བོད་མི་ཁོང་གིས། སྙན་ངག་པ་དགེ་འདུན་ལྷུན་གྲུབ་ལགས་ནི་རྒྱུན་དུ་ནས་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་བོད་ཀྱི་སྙན་ངག་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།།ད་ལྟའི་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་སྙན་ངག་པ་དགེ་འདུན་ལྷན་གྲུབ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་པའི་གནས་ཚུལ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎