བོད་ཁྱིམ་གྱི་གཏན་འཇགས་སློབ་གྲྭ་ཁག་བརྒྱད་ཡོད་པ་ཟླ་སྒྲིལ་གཏོང་སྲིད་པ་རེད་འདུག

2022.01.05
བོད་ཁྱིམ་གྱི་གཏན་འཇགས་སློབ་གྲྭ་ཁག་བརྒྱད་ཡོད་པ་ཟླ་སྒྲིལ་གཏོང་སྲིད་པ་རེད་འདུག རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་། ༢༠༡༩
Lhuboom/RFA

སྤྱི་ལོ་༡༩༦༠་ལོའི་སྤྱི་ཟླ་ལྔ་པའི་ཚེས་༡༧་ཉིན་བཞུགས་སྒར་རྡ་རམ་ས་ལར་འགོ་འཛུགས་གནང་བའི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ། ད་ལྟའི་ཆར་གཏན་འཇགས་སློབ་གྲྭ་ཁག་བརྒྱད་ཡོད་པ་ནི། རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད། གྷོ་པལ་པུར། སུ་ཇ། ཅོང་ཏ་ར། ལ་དྭགས། བྷེལ་ཀོབ། སེ་ལ་ཀུ་ཡེ་བོད་ཁྱིམ་བཅས་ཡིན་ཞིང་། ད་ལྟའི་ཆར་སློབ་གྲྭ་དེ་དག་དངོས་སུ་ཟླ་སྒྲིལ་བཏང་མེད་ཀྱང་། འབྱུང་འགྱུར་ལོ་ལྔ་དང་བཅུ་ནང་ཚུད་ལ་སློབ་གྲྭ་ཁག་༨་དེ་དག་ཟླ་སྒྲིལ་བཏང་ནས་སློབ་གྲྭ་ཁག་གསུམ་ཙམ་ནང་ཁུ་བསྡུ་བྱེད་སྲིད་པ་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས། སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་ལས། དང་པོ་ནི་བོད་ཁྱིམ་སློབ་གྲྭ་དེ་གཙོ་བོ་བོད་ནས་ཕེབས་པའི་བོད་ཕྲུག་ཚོར་དམིགས་ཏེ་རྒྱ་བསྐྱེད་བཏང་བ་ཞིག་ཡིན་ནའང་། ༢༠༠༨་ནས་བཟུང་བོད་ནས་ཡོང་མཁན་ཧ་ཅང་གི་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། ༢༠༡༩་ལོར་བོད་ཁྱིམ་སློབ་གྲྭར་བོད་ནས་བོད་ཕྲུག་གཅིག་ལས་སླེབས་འབྱོར་བྱུང་མེདཔ་གསུངས་ཤིང་། རྒྱུ་མཚན་གཞན་ཞིག་ནི་དེ་སྔོན་༢༠༡༩་ལོའི་སྤྱི་ཟླ་༢་པའི་ནང་བསྐོང་ཚོགས་གནང་བའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཐོག་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དགོས་པའི་གྲོས་ཆོད་བྱུང་བ་གཞིར་བཟུང་ལག་བསྟར་བྱེད་འགོ་བཙུགས་ཡིན་གསུངས་བྱུང་། འོན་ཀྱང་། བོད་ཁྱིམ་སློབ་གྲྭའི་ཁྱབ་ཁུངས་ཀྱི་སློབ་གྲྭ་ཁག་ཅིག་གི་ནང་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ཏེ་འཛིན་གྲྭ་ཉུང་དུ་བཏང་ཡོད་པ་ལས་སློབ་གྲྭ་ཚ་ཚང་ཞིག་མེད་པ་བཟོས་ནས་སློབ་གྲྭ་གཞན་ཞིག་དང་ཟླ་སྒྲིལ་གཏོང་དགོས་བྱུང་མེད་པ་རེད་འདུག
དེ་དང་ཕྱོགས་མཚུངས་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་གྲོས་གཞི་དོན་ཚན་དང་པོའི་དགོངས་དོན་ལྟར་གཞིས་ཆགས་ཁག་གི་གཞི་རིམ་འོག་མའི་སློབ་གྲྭ་ཁག་གནས་ཐབས་དང་། གཞི་རིམ་བར་མ་དང་གོང་མ་རྣམས་སློབ་གྲྭ་སོ་སོའི་གནས་བབས་དང་བསྟུན་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཐུབ་ན་དཔལ་འབྱོར་བསྲི་ཚགས་དང་མིའི་ནུས་ཤུགས་མཉམ་སྤུངས་ཐུབ་པས། དེ་ལྟར་གནང་གལ་ཞེས་གྲོས་ཆོད་བཞག་པ་བཞིན། ༢༠༢༡་ནང་སློབ་ཕྲུག་གྲངས་༢༨༩་ཡོད་པའི་རྡ་ཤོད་བོད་ཁྱིམ་གྲྭའི་གཞི་རིམ་བར་མ་དེ་སློབ་གྲྭ་གཞན་ཁག་ནང་ཟླ་སྒྲིལ་བཏང་ཚར་ཡོད་པ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ་ཁྱོན་སློབ་གྲྭ་ཁག་༡༡་ཡོད་པའི་ཁོངས་ནས་སློབ་ཕྲུག་མི་ཉུང་བ་ཞིག་ཧི་མ་ལ་ཡའི་རི་བརྒྱུད་མི་རིགས་ཀྱི་སློབ་མ་ཡིན་འདུག
གཞི་རྩའི་ཆ་ནས་༢༠༡༨་ལོའི་ནང་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་སུ་ཁྱོན་བསྡོམས་སློབ་ཕྲུག་གྲངས་༧༩༠༤་ཡོད་པ་དེ། ༢༠༢༡་ལོའི་ནང་སློབ་ཕྲུག་གྲངས་༦༣༤༧་ཡོད་འདུག་ཅིང་། མདོར་ན་འདས་པའི་མི་ལོ་༣་ལྷག་ཙམ་ནང་སློབ་ཕྲུག་གྲངས་༡༥༥༧་ཉུང་དུ་ཕྱིན་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎