ཨ་རིའི་མཚོ་ཐོག་དམག་གྲུ་ཧོང་ཀོང་གྲུ་ཁར་འབྱོར་བ།

ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་གནས་པའི་དུས་དེར་ཕྱི་ཚེས་༡༧ཉིན་ཨ་རིའི་མཚོ་ཐོག་དམག་གྲུ་ཧོང་ཀོང་གྲུ་ཁར་འབྱོར་འདུག

2010.02.17

༄༅༎ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་གནས་པའི་དུས་དེར་ཕྱི་ཚེས་༡༧ཉིན་ཨ་རིའི་མཚོ་ཐོག་དམག་གྲུ་ཧོང་ཀོང་གྲུ་ཁར་འབྱོར་ཡོད་འདུག

USS Nimitzཞེས་འབོད་པའི་ཨ་རིའི་མཚོ་ཐོག་དམག་གྲུ་དེ་བཞིན་འཛམ་གླིང་ནང་ནས་དམག་གི་གྲུ་གཟིངས་ཆེ་ཤོས་དེ་ཡིན་པ་དང་།  འཆར་གཞི་ལྟར་དམག་གྲུ་དེ་ཧོང་ཀོང་གྲུ་ཁར་ཉིན་གྲངས་བཞི་རིང་སྡོད་རྒྱུ་ཡིན་འདུག རྒྱ་ནག་དང་ཨ་རིའི་དབར་ཉེ་བའི་ཆར་ཨ་རིས་ཐའེ་ལྦན་ལ་ཨ་སྒོར་ཐེར་འབུར་དྲུག་ལྷག་གནས་པའི་ཆེས་དེང་དུས་ཀྱི་གོ་མཚོན་ཕྱིར་ཚོང་གི་ཐག་གཅོད་གནང་བ་དང་ དེ་བཞིན་རྒྱ་ནག་གཞུང་གིས་འབོད་སྐུལ་དང་ཉེན་བརྡ་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་སང་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱིས་རྐྱེན་པས་ཉེ་བའི་ཆར་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་ ཡིན་ནའི་ཨ་རིའི་མཚོ་ཐོག་དམག་གྲུ་དེའི་འགན་འཛིན་དམག་དཔོན་ཇོན་མི་ལཱར་ནས་གསུངས་ན་ རྒྱ་ནག་དང་ཨ་རིའི་དབར་སྲུང་སྐྱོབ་ལས་དོན་དང་དེ་མིན་གྱི་གནད་དོན་ཁག་གི་ཐོག་བསམ་ཚུལ་མི་འདྲ་བ་ཡོད་ཀྱང་ཡུལ་གྲུ་གཉིས་དབར་མངའ་ཁུལ་གྱི་སྲུང་སྐྱོབ་མཚོ་ཐོག་དམག་དོན་ལས་དོན་་སོགས་ཀྱི་ཐོག་མཉམ་ལས་གནང་མུས་ཡིན་པའི་སྐོར་གསུང་འདུག་ལ་ ཁོང་གིས་ད་རེས་ཨ་རིའི་USS Nimitz ཞེས་བའི་དམག་གྲུ་དེ་ཉིན་གྲངས་བཞིའི་རིང་ཧོང་ཀོང་གྲུ་ཁར་ལ་འཚམས་གཟིགས་གནང་རྒྱུ་དེ་བཞིན་རྒྱུན་ལྡན་གྱི་ལས་དོན་ཞིག་ལས་དམིགས་བསལ་གྱི་དོན་སྙིང་མེད་པའི་སྐོར་གསལ་བཤད་གནང་འདུག ཕྱི་ལོ་ཉིས་སྟོང་བདུན་ལོར་ཨ་རིའི་མཚོ་ཐོག་དམག་གྲུ་ཧོང་ཀོང་གྲུ་ཁར་བཀག་རྒྱུར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་པའི་གནས་ཚུལ་བྱུང་ཡོད་ཅིང་དེའི་སྐབས་ཀྱི་རྒྱུ་མཚན་ཡང་ཨ་་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་དང་སྐབས་དེའི་ཨ་རིའི་སྲིད་འཛིན་ཇོར་ཇེ་སྦུ་ཤི་ནས་བོད་མིིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བར་བརྟེན་ནས་ཡིན་པ་རེད་ ཨ་རིས་ཧོང་ཀོང་གྲུ་ཁར་ཨ་རིའི་དམག་གྲུ་བཀག་རྒྱུ་དེ་བཞིན་ལུགས་སྲོལ་ཞིག་ཆགས་ཡོད་ཅིང་ཨ་རིས་ལྦིཏ་ནམ་ལ་དམག་འཐབ་བྱེད་པའི་དུས་སྐབས་ནས་འགོ་བཙུགས་ཏེ་ཨ་རིའི་དམག་གྲུ་ཧོང་ཀོང་གི་གྲུ་ཁར་བཀག་ནས་མཚོ་ཐོག་དམག་མི་ཚོ་ཧོང་ཀོང་ནང་ངལ་གསོ་དང་མཁོ་ཆས་ཉོ་གྲུབ་བྱ་ཡི་ཡོད་པ་བཞིན་ ད་རེས་ཨ་རིའི་མཚོ་ཐོག་དམག་གྲུ་དེའི་ནང་གི་མཚོ་དམག་ལྔ་སྟོང་ཡོད་པ་རྣམས་རིམ་པ་བཞིན་ཧོང་ཀོང་ནང་འཛུལ་ནས་ངལ་གསོ་རྒྱབ་པ་དང་འབྲེལ་ ལྟ་སྐོར་དང་དངོས་ཟོག་ཉོ་གྲུབ་སོགས་བྱ་རྒྱུ་ཡིན་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎