རྒྱ་གར་དུ་རི་ལི་གདོང་ཐུག་བརྒྱབ་སྟེ་མི་བཅུ་རྐྱེན་ལམ་དུ་ཕྱིན་པ།
2010.01.02
༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ཨུ་ཏར་པརཱ་དེཤ་མངའ་སྡེའི་ནང་དགུན་ཁའི་སྨུག་པ་ཧ་ཅང་ཐུག་པོ་འཁྲིགས་པའི་དབང་གིས་རི་ལི་མེ་འཁོར་གདོང་ཐུག་བརྒྱབ་པའི་དོན་རྐྱེན་མི་འདྲ་བ་གཉིས་བྱུང་སྟེ་ད་བར་མི་གྲངས་བཅུ་རྐྱེན་ལམ་དུ་ཕྱིན་པ་དང་གཞན་མི་གྲངས་ལྔ་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
རི་ལིའི་གདོང་ཐུག་དང་པོ་དེ་ཨི་ཏ་ལྦ་ཞེས་པ་ཨུ་ཏར་པརཱ་དེཤ་མངའ་སྡེའི་རྒྱལ་ས་ལཀ་ནོ་གྲོང་ཁྱེར་ནས་རྒྱང་ཐག་ཀི་ལོ་མི་ཊར་༢༧༠ཙམ་ཆོད་པའི་དེའི་ནང་བྱུང་འདུག་ཅིང་དེ་ཡང་རི་ལིའི་བབས་ཚུགས་ཤིག་ཏུ་སྔོན་ཚུད་ནས་ཡོད་པའི་རི་ལི་དེར་རི་ལི་གཞན་ཞིག་གིས་བརྒྱབ་ནས་བརྡུང་ཁ་བརྒྱབ་འདུག རི་ལིའི་གདོང་ཐུག་གི་དོན་རྐྱེན་གཉིས་པ་དེ་ཀཱན་པུར་གྲོང་ཁྱེར་གྱི་ཉེ་འགྲམ་ཞིག་ཏུ་བྱུང་འདུག་ཅིང་དོན་རྐྱེན་དེའི་འོག་ཉུང་མཐར་མི་བཅུ་ཙམ་རྐྱེན་ལམ་དུ་སོང་ཡོད་པ་ས་གནས་ཉེན་རྟོག་མི་སྣས་འགྲེལ་བརྗོད་བྱས་ཡོད་པ་རེད།
མངའ་སྡེའི་རི་ལིའི་ལས་དོན་སྡེ་ཚན་གྱི་ལས་བྱེད་པ་སི་རི་ལྦ་སི་ཏ་ལྦས་གདོང་ཐུག་གི་དོན་རྐྱེན་དེ་གཉིས་ཀའི་རྒྱུ་རྐྱེན་གཙོ་བོ་ནི་སྨུག་པ་ཐུག་པོ་འཁྲིག་པའི་དབང་གིས་ཡིན་པ་གསུངས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་མིན་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་མང་དག་ཅིག་གི་ནང་དགུན་དུས་སྨུག་པ་ཧ་ཅང་ཐུག་པོ་འཁྲིགས་པའི་དབང་གིས་མོ་ཊའི་འགྲོ་ལམ་འགག་པ་དང་རི་ལིའི་འགྲུལ་བཞུད་བྱེད་མ་ཐུབ་པ་དེ་བཞིན་གནམ་གྲུ་བབས་མ་ཐུབ་པ་དང་འཕུར་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་གི་ཡོད་པ་རེད།།