གསུམ་བཅུའི་དུས་དྲན་དང་བཀའ་བློན།
2013.03.08

༄༅། །མཛད་རིམ་སྔོན་སྒྲིག་གནང་བ་གཞིར་བཟུང་། བཀའ་བློན་རྣམ་པས་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཡུལ་ཉི་ཧོང་དང་། ཐེ་ཝན། ཨོ་སེ་ཁྲོལ་ལེ་ཡ། ཨ་མི་རི་ཁ། བྷེལ་ཇེམ། རྒྱ་གར་ལ་དྭགས་བཅས་པར་བཀའ་བློན་ཚོ་ཕེབས་བསྐྱོད་གནང་གི་ཡོད་པ་རེད། དེའང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་དྭགས་ཀྱི་ས་ཁུལ་ཁག་གི་ནང་བོད་མི་གནས་སྡོད་བྱེད་སར་ཕེབས་བསྐྱོད་གནང་ཡོད་པ་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ཨ་རིར་ཕེབས་ཐོན་གནང་ཡོད། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཨོ་སི་ཊོ་ལི་ཡ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕ་རན་སི་རྒྱལ་ས་པེ་རི་སི་དང་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་གཞུང་འབྲེལ་ཕེབས་བསྐྱོད་གནང་གི་ཡོད་པ་རེད། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཉི་ཧོང་དུ་ཕེབས་བསྐྱོད་ཀྱིས་དེ་གར་འབྲེལ་ཡོད་མི་སྣ་ཁག་དང་མཇལ་མོལ་གྱིས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་གི་ཡོད་པ་རེད།།