བཞུགས་སྒར་དུ་རྒྱལ་བ་སྐུ་ཕྲེང་༡༣པའི་རྗེས་དྲན་གྱི་མཛད་སྒོ།
2010.02.25
༄༅༎བཞུགས་སྒར་རྡ་རམ་ས་ལར་ཟླ་བ་འདིའི་ཕྱི་ཚེས་༢༥འི་ཉིན་རྒྱལ་མཆོག་སྐུ་ཕྲེང་༡༣པ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་དེ་ལོ་༡༠༠འཁོར་བའི་གཞུང་འབྲེལ་རྗེས་དྲན་གྱི་མཛད་སྒོ་གནང་བ་རེད།
མཛད་སྒོ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་ཚོས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པའི་ངང་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོ་དཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ་དེ་རྗེས་རྒྱལ་མཆོག་སྐུ་ཕྲེང་༡༣པ་མཆོག་གི་སྐུ་ཚེའི་རིང་ལ་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འབྲེལ་བའི་སྐུ་ངལ་མང་དག་ཅིག་ལ་གདོང་ལེན་མཛད་ཕྱོགས་དང་ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཚགས་ཚུད་ཅན་དང་རང་བཙན་གཙང་མ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེ་མཉམ་གནས་ཐུབ་རྒྱུའི་མཛད་འཕྲིན་རླབས་ཆེ་བསྐྱངས་གནང་བ་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད་ མཛད་སྒོ་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་འཁྲུངས་རབས་དང་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་རེད༎