རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ད་བར་མི་ལོ་༥༧་འཁོར་བ།
2016.03.09
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེ་བཞིན་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག
སང་ཉིན་ཕྱི་ཟླ་༣པའི་ཚེས་༡༠ཉིན། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་༡༩༥༩ཕྱི་ཟླ་༣པའི་ཚེས་༡༠ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཁྲི་ཚོ་མང་པོས་རང་འགུལ་གྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་ལོ་ངོ་༥༧ཁོར་གྱི་ཡོད་པ་རེད། བོད་མིའི་སྒེར་ལངས་ཀྱི་ཉིན་མོ་དེ་བཞིན་བཙན་བྱོལ་ནང་བོད་མི་གནས་ཡུལ་ས་གནས་ཡོངས་རྗོགས་སུ་ལོ་ལྟར་དྲན་གསོའི་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་ལ་བཞུགས་སྒར་དུ་འདི་ལོ་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་ཐེངས་༥༧པ་སྲུང་བརྩིའི་མཛད་སྒོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་པ་རེད།
ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་Bylakuppeདང་། Hunsur. Kollegal. Mundodབཅས་བོད་མིའི་གཞིས་ཆགས་ཁག་གི་གཞོན་ནུ་ལྷན་ཚོགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཐུན་མོང་གོ་བསྒྲིགས་འོག་Bangloreགྲོང་ཁྱེར་ནང་། དེ་རིང་ཚེས་༩དང་སང་ཚེས་༡༠བཅས་ཉིན་གཉིས་ཀྱི་རིང་གསུམ་བཅུའི་དུས་དྲན་སྲུང་བརྩི་བཞིན་པ་རེད།
ཨ་རིའི་ནང་མཚོན་ན། རྒྱལ་ས་ཝ་ཤིན་ཀྲོན་ནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་མཉམ་འབྲེལ་གོ་སྒྲིག་འོག་སང་ཉིན་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་རྒྱུ་དང་། དེ་རྗེས་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་བར་རྒྱང་ཚད་མེ་ལེ་༧ཙམ་གྱི་བར་ཞི་བའི་གོམ་བགྲོད་བྱ་རྒྱུ་དང་། མཐར་སྲིད་འཛིན་ལས་ཁུངས་མདུན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།