གྲོས་ཚོགས་ནང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་བཞག་སོང་།
སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ། བཞུགས་སྒར་དུ་སྤྱི་ཟླ་༣པའི་ཚེས་༡༤ཉིན་ནས་འགོ་འཛུགས་གནང་ཡོད་པ་ལྟར། གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་སྤྱི་ཟླ་༣པའི་ཚེས་༡༥ཉིན། བོད་ནང་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཏན་འབེབས་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྤྱི་འཐུས་མང་པོའི་དགོངས་ཚུལ་གསུང་བ་དང་འབྲེལ་ཏེ་གསུང་བཤད་གནང་སྐབས། ད་ལྟ་ཛ་དྲག་ཉེན་ཁ་ཆེ་ཤོས་ནི་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་དང་ནང་ཆོས་རྩ་མེད་གཏོང་བཞིན་པ་དེ་ཆགས་ཡོད་པ་དང་། བོད་ནང་གི་བོད་མི་ཚོས་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས། ད་ལྟ་བར་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱས་པ་དང་། ནང་ཆོས་ལ་དོ་སྣང་བྱས་པ་ནང་བཞིན་མུ་མཐུད་དུ་དེ་ལྟར་གནང་གལ་ཆེན་པོ་རེད་ཅེས་འབོད་སྐུལ་གནང་སོང་།
གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྐབས་སུ། སྤྱི་འཐུས་རྣམ་པ་༤༠ཡས་མས་ནས་དགོངས་ཚུལ་གསུང་ཡོད་ཅིང་། ས་སྐྱའི་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་ལགས་ནས། བོད་ནང་མི་ལོ་༦༣རིང་སྙིང་སྟོབས་དང་སེམས་ཤུགས། ལྷག་བསམ་ཞུམ་མེད་ཀྱི་ཐོག་ནས་རང་སྲོག་བློས་གཏོང་གིས་ཆོས་དང་རིག་གཞུང་སྐད་ཡིག་ཆེད་དཀའ་ལས་བརྒྱབས་ཏེ། ད་ལྟའི་ཆར་ཡང་གང་འཚམས་སྲ་ཐག་ཆོད་ཡོད་བསྡད་པ་ཞིག་དང་། བཙན་བྱོལ་ནང་དཀའ་ལས་བརྒྱབས་པ་ནང་བཞིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་གྲུབ་འབྲས་ག་ཚོད་ཐོན་ཡོད་པ་སོགས་དགོངས་ཚུལ་གསུང་གི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་༢པའི་ཐོག སྤྱི་ཟླ་༣པའི་ཚེས་༡༥ཉིན་གཏན་འབེབས་ཀྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་བཞག་པ་དེ། སྤྱི་འཐུས་ཚང་མ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་བ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་ཡོད་ཅིང་།
གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་རྒྱ་ནག་གཞུང་གིས་འགན་ཁུར་དང་བཙོན་ནས་གློད་གྲོལ་གཏོང་དགོས་པ་ནན་སྐུལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་བོད་ནང་ཕེབས་གནང་དགོས་པའི་འབོད་སྐུལ། བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་གྱིས། བོད་རྒྱ་གྲོས་མོལ་གྱིས་ཞི་འགྲིག་ཡོང་ཐབས་བྱ་དགོས་པ་སོགས་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།