བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་རྩ་བ་བྱེད་ཀྱི་མེད། སྲིད་སྐྱོང་མཆོག་གིས།

2022.09.08
བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་རྩ་བ་བྱེད་ཀྱི་མེད། སྲིད་སྐྱོང་མཆོག་གིས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ། ༠༩།༠༨།༢༠༢༢
CTA

སྲིད་སྐྱོང་མཆོག་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་རྩ་བ་བྱེད་ཀྱི་མེད་པ་དང་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་ཐག་ཆོད་མ་བྱུང་བར་དུ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་དུས་ནམ་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་གྲོས་ཚོགས་སུ་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉེ་ལམ་སྤྱི་ཟླ་༤པའི་ཚེས་༢༥ཉིན། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་མཇལ་འཕྲད་ཞུས་ཏེ། གསར་འགོད་པའི་དྲི་བ་ལ་ལན་འདེབས་གནང་སྐབས། “བོད་རང་བཙན་ཡིན་པའི་གནས་བབས་དང་། ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་རག་པའི་གནད་དོན་ཐོག་ལ་གང་འདྲ་བྱེད་དགོས་མིན”དེ་ཚོའི་སྐོར་ལ་ང་ཚོ་གོ་བསྡུར་ཞིབ་ཕྲ་བྱུང་ཞེས་བཤད་པར་བརྟེན། གནད་དོན་དེའི་ཐད་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་གཉིས་པ་སྤྱི་ཟླ་༩པའི་ཚེས་༨ཉིན། གྲོས་ཚོགས་སུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་ཏེ། འཕྲོས་དོན་དྲི་བ་ཁག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལན་འདེབས་གནང་སྐབས། “བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད་པ་དང་། བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་ཐག་མ་ཆོད་བར་དུ། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་ངོས་འཛིན་དུས་ནམ་ཡང་བྱེད་ཐུབ་ཀྱི་མ་རེད་”ཅེས་ལན་འདེབས་གནང་སོང་།

17th Tibetan Parliament in Exile 2.jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བདུན་པའི་དོན་ཚན་༢༢ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་སྐར་རྟགས་ཅན་གྱི་དྲི་བ་གནང་བའི་དང་པོ་དེར། སྲིད་སྐྱོང་མཆོག་ནས་གོང་གསལ་ཨ་མི་རི་ཀར་གསར་འགོད་པར་ལན་བཏབ་པ་གཞིར་བཟུང་སྟེ། “ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་སྟངས་དང་། ཁྱབ་ཚད་ཀྱི་ཁོངས་གཏོགས་ཇི་ཡིན། དེ་བཞིན་ད་ལྟ་བོད་མི་རྣམས་ཀྱང་རྒྱ་མིའི་ཆ་ཤས་ཆགས་བསྡད་ཡོད་མེད་བཅས་གསལ་བཤད་ཡོང་བ་”ཞེས་དྲིས་སོང་ལ། དེ་ལ་སྲིད་སྐྱོང་མཆོག་གིས་ཡིག་ཐོག་ལན་འདེབས་གནང་བའི་ནང་། “སྲིད་སྐྱོང་གི་ལན་འདེབས་དེ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཉམ་དུ་གོ་བསྡུར་ག་རེ་བྱུང་བའི་ནང་དོན་ཡིན་པ་མ་གཏོགས། སྲིད་སྐྱོང་ངམ། བཀའ་ཤག་གི་ངོས་ནས་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་བབས་ལ་ངོས་འཛིན་བྱེད་སྟངས་འགྲེལ་བཤད་བྱས་པ་ཞིག་མིན་”པ་སོགས་ལན་འདེབས་གནང་སོང་།
དེ་དང་འབྲེལ་གྲོས་ཚོགས་སུ་དྲི་བ་དྲིས་ལན་མང་པོ་གནང་བར་བརྟེན། བཀའ་ཤག་གི་ཡིག་ཐོག་ལན་འདེབས་ནང་“བོད་དེ་འདས་པའི་མི་ལོ་༧༠དོན་གྲངས་རིང་བཙན་བཟུང་གི་འོག་ནས་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་གསལ་པོ་ཡིན་ཞིང་།”ཟེར་བའི་ཚིག་བརྗོད་བསྐྱར་བཅོས་ཀྱིས།“བོད་དེ་རྒྱ་ནག་གི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་ཞིག་ཡིན་ཞིང་”ཟེར་བར་བསྒྱུར་གནང་ཡོད་ནའང་། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས།“ད་ཅི་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་གནང་གི་མེད་གསུང་ཡོད་པས། བཙན་བཟུང་གི་འོག་གི་ཆ་ཤས་རེད་ཅེས་ཚིག་དེ་འདྲ་དགོས་པ་ཨེ་ཡོད་དམ། ཆ་ཤས་དེ་ཡིན་གཅིག་མིན་གཅིག་བེད་སྤྱོད་གནང་དགོས་མིན་”སོགས་དྲི་བ་ཞུས་པར། དེ་ལ་སྲིད་སྐྱོང་མཆོག་གིས། “ཆ་ཤས་ལ་ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པའི་ཆ་ཤས། བཙན་འཛུལ་གྱིས་ཆ་ཤས་ཆགས་པ་རེད་དམ་བཙན་འཛུལ་མ་བྱས་པར་ཆ་ཤས་ཆགས་པ་སོགས་དབྱེ་བ་ཕྱེ་རྒྱུ་མང་པོ་ཡོད་པར་བརྟེན། བཀའ་ཤག་གིས་བཙན་འཛུལ་བྱས་ནས་ད་ལྟ་རྒྱ་ནག་གི་འོག་ཆ་ཤས་ཆགས་ཡོད་པ་རེད་ཟེར་བ་དེ། ཁ་སང་བཀའ་ཤག་ལ་གོ་བསྡུར་བྱས་ནས་མར་ཡོང་བཞག་པ་ཞིག་རེད། ཡིན་ནའང་དེ་ལ་འགྲེལ་བཤད་ལོག་པར་བརྒྱབ་པའི་གོ་སྐབས་མེད་པར་བཟོ་ཆེད་འགྱུར་བ་བཏང་བ་”གསལ་བཤད་གནང་སོང་།
གནད་དོན་འདི་ནི་བོད་དོན་ཆབ་སྲིད་དང་འབྲེལ་བ་གལ་གནད་ཆེན་པོ་ཡིན་ལུགས་ཀྱིས། གྲོས་ཚོགས་འཐུས་མི་ཧ་ཅང་མང་པོས་ཆ་ཤས་བླངས་ཏེ་རྩོད་གླེང་གནང་ཡོད་ནའང་། ཉིན་གུང་ཕྱེད་ཡོལ་ནས་ཚོགས་གཙོས་སྟངས་འཛིན་གྱིས་མཚམས་འཇོག་གནང་སྟེ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎