རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་བོད་ཕྲུག་བརྒྱ་ཆ་དྲུག་ཅུ་རེ་གསུམ་ལྷག་ལས་མི་འདུག

2024.03.15
རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་བོད་ཕྲུག་བརྒྱ་ཆ་དྲུག་ཅུ་རེ་གསུམ་ལྷག་ལས་མི་འདུག སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་གི་ལས་རིམ་སྐབས། ༠༣།༡༥།༢༠༢༤
CTA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་༦པའི་འཕྲོ་སྐྱོང་ལས་རིམ་སྟེང་། སྤྱི་ཟླ་༣པའི་ཚེས་༡༤ཉིན་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྤྱི་ལོ་༢༠༢༢ལོ་ནས་སྤྱི་ལོ་༢༠༢༣ལོའི་ཟླ་བ་གསུམ་པའི་བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་སྙན་སྒྲོན་གནང་སྐབས། སྤྱི་ལོ་༢༠༢༢དང་༢༣ལོའི་ནང་རྒྱ་གར་དང་བལ་བོ་རྒྱལ་ཁབ་ཀྱི་ནང་དུ། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་༦༢ཡོད་པའི་ནང་། ད་ལྟའི་ཆར་སློབ་ཕྲུག་གྲངས་༡༤༤༢༧ཡོད་པའི་ཁོངས་སུ་བོད་ཕྲུག་གྲངས་༩༡༢༧ཡོད་པ་དེ་བརྒྱ་ཆ་དྲུག་ཅུ་རེ་གསུམ་ལྷག་མ་གཏོགས་ཟིན་མེད་པ་གསལ་སྟོན་གནང་སོང་།
ད་དུང་སྤྱི་ལོ་༢༠༢༢ལོར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུག་ནང་རྒྱུག་འཕྲོད་པ་བརྒྱ་ཆ་༩༧ལྷག་ཡིན་པ་དང་། ཆ་སྙོམས་སྐར་གྲངས་བརྒྱ་ཆ་༧༣ལྷག་སོན་པའི་གྲུབ་འབྲས་ཐོན་པ་སོགས་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་ཡོད་པ་རེད།
ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་མུ་མཐུད་སྤྱི་ཚེས་༡༥ཉིན་མོར་ཡང་གྲོས་ཚོགས་སུ་སྙན་སྒྲོན་དང་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་ལས་བསྡོམས་ཐོག་དགོངས་ཚུལ་བཅས་གསུང་བའི་སྐབས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་ནས། ཤེས་རིག་ལས་ཁུངས་ཀྱི་དགོངས་པ་ཆེ་བཞེས་ཀྱིས་བལ་ཡུལ་ནང་གི་སློབ་གྲྭ་ཚོ་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་དགོས་པ་མ་གཏོགས། བོད་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གོམས་གཤིས་ཉམས་ཆག་ཧ་ཅང་ཚབས་ཆེན་པོ་ཡིན་པ་གསལ་སྟོན་གནང་སོང་།
གཞན་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ནས། བོད་ཕྲུག་ཚོར་ཤེས་ཡོན་དང་འབྲེལ་བའི་སློབ་ཡོན་རྣམས་མི་མང་གི་ལག་ནས་བསྡུ་མི་དགོས་པར། ཁང་པ་སོགས་འཛུགས་སྐྲུན་གྱི་འགྲོ་སོང་མང་དུ་གཏོང་བ་ལས་ཤེས་ཡོན་ཐོག་ཤེས་རིག་གིས་འགྲོ་སོང་མང་དུ་གཏོང་ཐབས་གནང་དགོས་པའི་དགོངས་འཆར་གསུང་ཡོད་པ་རེད།
ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་རྩ་བའི་སྤྱི་འཐུས་ཕལ་ཆེ་བས་དྲི་བ་ལས་དགོངས་འཆར་མང་པོ་ཕུལ་ཡོད་པ་དང་། དགོངས་འཆར་དེ་ཚོ་ནི་སློབ་ཕྲུག་སེམས་ཁམས་དང་མཐུན་པའི་ཀློག་དེབ་ཡར་རྒྱས་གཏོང་དགོས་པ་དང་སློབ་ཕྲུག་གི་བདེ་འཇགས་ལ་གཟིགས་རྟོག་ཡག་པོ་དགོས་པ། དགེ་རྒན་ཚོའི་གསོལ་ཕོག་གི་སྐོར་དང་དགེ་རྒན་ཚད་ལྡན་སློབ་སྦྱོང་གི་གནས་ཚད་ཡག་པོའི་རིགས་འཚོལ་དགོས་པ་སོགས་བསམ་འཆར་གསུང་ཡོད་པ་སོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་གི་ཤེས་ཡོན་གནས་སྟངས་ཐད་བགྲོ་གླེང་གནང་ཡོད་པ་རེད།

Sixth Day of the Sixth Session of the 17th Tibetan Parliament-in-Exile (1).jpg
དེ་བཞིན་ཚེས་༡༥ཉིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢-༢༠༢༣་ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་མཉམ། གྲོས་ཚོགས་ནང་བགྲོ་གླེང་དང་དྲི་བར་དྲིས་ལན་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ད་ལྟའི་ཆར་ཨོསི་ཊརེ་ལི་ཡའི་(Australia)་ནང་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་གནས་སྤོས་དང་འབྲེལ་བའི་ཐོག་དོགས་འདྲི་གནང་བར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་བའི་ནང་། ཨོསི་ཊརེ་ལི་ཡའི་ནང་བོད་མི་ཆབ་སྲིད་བཙོན་ཟུར་གནས་སྤོས་དང་འབྲེལ་བའི་ཐོ་གཞུང་འབྱོར་བ་རྣམས་ཚང་མ་བོད་བསྟན་སྲིད་ཆེད་དུ་སྐུ་ལས་སྐྱོན་མཁན་ཤ་སྟག་ཆགས་ཀྱི་ཡོད་དུས། ང་ཚོའི་ངོས་ནས་དྲང་བདེན་དང་ལྷག་བསམ་རྣམ་དག དེ་བཞིན་དུས་ཐོག་ལ་ལས་དོན་སྒྲུབ་ཐུབ་པའི་འབད་བརྩོན་གནང་མུས་ཡིན་པ་དང་། སྤྱི་ཚོགས་ནང་ཨོསི་ཊརེ་ལི་ཡར་ཆབ་སྲིད་བཙོན་ཟུར་རྣམས་གནས་སྤོས་ཐད་ད་ལྟའི་བཀའ་ཤག་གིས་དེ་ཙམ་གྱི་ཤུགས་སྣོན་རྒྱག་གི་མེད་པའི་བཤད་ཚུལ་ཡོད་པ་ནི་རྫུན་གཏམ་དང་བདེན་པ་མིན་པ་གསལ་བཤད་དང་མཉམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་བཙོན་ཟུར་གནས་སྤོས་དང་འབྲེལ་བའི་ལས་འཆར་དེ་གལ་ཆེ་དོན་ཆེན་ལ་བརྩི་བཞིན་ཕྱག་ལས་གནང་མུས་ཡིན་པ་གསུངས་གནང་སོང་།


གསར་འགོད་པ། བློ་བྷེ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎