སྐབས་བཅུ་དྲུག་པའི་བཀའ་ཤག་གིས་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་རྒྱ་ཆེར་སྤེལ་འཆར་འདུག

སྤྱི་ཟླ་༣་པའི་ཚེས་༡༧ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༥པའི་ལས་ཉིན་༣པའི་སྐབས། སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བའི་དོན་གནད་ཁག་ལ་དཔལ་འབྱོར་བཀའ་བློན་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལན་འདེབས་གསལ་བཤད་སྐབས། དཔལ་འབྱོར་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། སྐབས་༡༦པའི་བཀའ་ཤག་གིས་ལས་འཁུར་དངོས་སུ་ཞུ་པའི་སྐབས། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་གཉིས་ཏེ། གཞིས་ཆགས་ཁག་ནང་ལས་ཀའི་གོ་སྐབས་ཞན་པའི་དབང་གིས་གཞོན་སྐྱེས་གནས་སྡོད་བྱེད་མཁན་ཉུང་དུ་འགྲོ་བའི་དཀའ་ངལ་དང་། སྡོད་ཁང་མེད་མཁན་ཚོར་སྡོད་ཁང་གི་དཀའ་ངལ་སེལ་དགོས་པ་བཅས་ཡིན་པས། ད་ལྟའི་བཀའ་ཤག་གི་ངོས་ནས་དཀའ་ངལ་དེ་དག་སེལ་ཐབས་གནང་གི་ཡོད་པ་མ་ཟད། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་དེ་རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་ཨུ་རུ་ས་མངའ་སྡེ་ནས་འགོ་འཛུགས་གནང་འཆར་ཡོད་པ་གསུངས་གནང་སོང་།
ཡང་སྐབས་དེར་དཔལ་འབྱོར་བཀའ་བློན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ནང་སྲིད་ལས་ཁུངས་ཀྱི་གཙོ་འགན་བཞེས་ཏེ། བཙན་བྱོལ་བོད་མི་སྡོད་ཁང་མེད་མཁན་རྣམས་ཀྱི་ཐོ་གཞུང་བསྡུས་པའི་སྐབས། ད་ལྟའི་ཆར་རྡ་རམ་ས་ལ་གཅིག་པུའི་ནང་། ཁང་པ་མེད་པའི་ཁྱིམ་ཚང་༨༠༠ཙམ་གྱིས་ཐོ་འགོད་བྱས་ཡོད་པ་མ་ཟད། བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ནོར་བུ་གླིང་ཁའི་གཡས་ཡོན་ལ་ཁྱིམ་ཚང་༡༥༠ཙམ་གྱིས་ཐོ་འགོད་བྱས་ཡོད་པ་སོགས་ས་ཁུལ་གཞན་ཁག་ཏུ་ཡང་ཐོ་འགོད་བྱས་པ་ཆ་ཚང་ལ་ནང་སྲིད་ལས་ཁུངས་ནས་སླར་ཡང་དོ་ནན་པོའི་ངང་ཞིབ་བཤེར་བྱས་ཏེ། མཐར་ཐོ་གཞུང་ནང་སླེབས་པ་ཆ་ཚང་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་གནང་སོང་།
མདོར་ན་སྐབས་༡༦པའི་བཀའ་ཤག་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཡོང་ཆེད་ཐབས་ཤེས་ཡོད་དགུ་རྩལ་དྲུག་འཐེན་བཞིན་པ་སྲིད་སྐྱོང་མཆོག་གིས་གསུངས་ཤིང་། གཞིས་ཆགས་སྲ་བརྟན་གྱི་ལས་གཞིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་ནས་འགྲོ་གྲོན་གཏོང་མི་དགོས་པར། བཀའ་ཤག་སྐབས་༡༦པས་ད་བར་བསགས་བཞག་པའི་ཧིན་སྒོར་ས་ཡ་༣༩༠ཡོད་པ་ནས་འགྲོ་གྲོན་གཏོང་གི་ཡོད་པ་མ་ཟད། ཁང་པ་གསར་རྒྱག་སོགས་ཀྱི་ལས་གཞིའི་ཐོག་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་སྤྱི་ཚེས་༡༦ཉིན་གྱི་གྲོས་ཚོགས་ལས་རིམ་ཐོག བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་༦ཡོད་པ་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་ནང་། བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོགས་ལ་ཡི་རངས་དང་། ཤུལ་ལུས་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བོད་ནང་དྲག་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བཙོན་འོག་ཏུ་སྡུག་སྤྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་དགོས་པ། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཀྱང་། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་བོད་རྒྱའི་དཀའ་རྙོག་ཐག་གཅོད་མ་བྱས་པར་མ་འོངས་པར་ཛ་དྲག་གནས་ཚུལ་ག་རེ་བྱུང་ཡང་དེའི་འགན་ཁུར་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ། རྒྱ་གར་གཞུང་མང་གཉིས་གཙོས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གཞུང་དང་ཚོགས་སྒེར་བཅས་ཀྱིས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་བའི་སྐབས་འདིར་རོགས་རམ་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ། མཐའ་མ། བོད་དོན་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཐོག་བོད་མི་རྣམས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།