ངོ་རྒོལ་བྱེད་མཁན་ལ་དམ་བསྒྲགས།
2012.11.08
༄༅། །འགོ་ཁྲིད་འཕོ་བསྒྱུར་གྱི་ཚོགས་འདུའི་ཐོག་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་ཆབ་སྲིད་ཀྱི་བཅོས་བསྒྱུར་བཏང་ནས་མི་དམངས་ལ་མང་གཙོའི་ལམ་ལུགས་དངོས་སུ་ལག་ལེན་འཁེལ་ཐུབ་པ་བྱེད་དགོས་ལུགས་སོགས་ཀྱི་གཏམ་བཤད་སྤེལ་ཡོད་ཀྱང་། ཕྱི་ཕྱོགས་སུ་མི་དམངས་ཚོས་སོ་སོའི་བདེ་སྡུག་ཞུ་རྒྱུའི་ལས་འགུལ་སྤེལ་རྩིས་བྱེད་པའི་སྐབས་འཛིན་བཟུང་དང་། དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག དེ་ཡང་བུད་མེད་རྒས་འཁོགས་ཤིག་དང་རོགས་པ་ཞིག་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོ་སོའི་དཀའ་ངལ་ཞུ་འབོད་ཀྱི་རྣམ་འགྱུར་བཏོན་རྩིས་བྱེད་པའི་སྐབས། ཉེན་རྟོག་མི་སྣས་ཁོ་མོ་ས་གནས་དེ་ནས་ཕྱིར་འབུད་བཏང་བ་ཙམ་དུ་མ་ཟད། ཞུ་སྙན་དང་འབྲེལ་བའི་ཡིག་ཆ་རྣམས་ཀྱང་བཙན་འཕྲོག་བྱས་ཡོད་འདུག འདི་ལྟ་བུའི་གནས་ཚུལ་རྒྱ་ནག་ཁྱོན་ཡོངས་སུ་ཡོང་གི་ཡོད་པ་དཔེར་ན། རི་ལིའི་བབས་ཚུགས་ཤིག་ཏུ་ཞུ་གཏུགས་བྱེད་མཁན་གྱི་མི་གྲངས་ ༢༠ ནས་ ༣༠ ཙམ་ཡོད་པ་དེ་དག་ཉེན་རྟོག་པས་མཐའ་བསྐོར་ནས་མཐའ་མ་ཁོང་ཚོ་ཕྱིར་ལོག་བཏང་ཡོད་འདུག གནས་ཚུལ་འདི་མཐོང་མཁན་ཁེ་ཎ་ཌའི་མི་རིགས་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཞིག་གིས་ངའི་མི་ཚེའི་ནང་དམ་བསྒྲགས་ཤུགས་ཆེན་པོ་འདི་འདྲ་བྱེད་མཁན་མཐོང་མྱོང་མེད་ཅེས་གསར་འགོད་པར་འགྲེལ་བཤད་རྒྱག་བཞིན་པའི་སྐབས། སྐད་ཆ་ཆ་ཚང་བཤད་མ་བཅུགས་པར་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ནས་འཁྲིད་ཕྱིན་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ཚོས་འགྲེལ་བརྗོད་བྱེད་པར་ལྟར་ན། ཚོགས་ཆེན་གོང་མང་གཙོ་དོན་གཉེར་བ་མང་པོ་ཞིག ཡང་ན། བཟང་བཙོན་དང་། ཡང་ན། དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དྲ་རྒྱའི་བརྒྱུད་ལམ་ཐོག་ལའང་སྔར་ལས་ལྷག་པའི་དམ་བསྒྲགས་བྱེད་ཀྱི་ཡོད་འདུག འོན་ཀྱང་ཚོགས་ཆེན་ནང་དུ་སྲིད་འཛིན་ཧུ་ཇིན་ཏོས་གཙོས་འགོ་འཁྲིད་ཚོས་མི་དམངས་ལ་མང་གཙོ་དགོས་པ་དང་། ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་ལུགས་སོགས་གཏམ་བཤད་སྤེལ་བཞིན་པ་དེས་ཚོགས་མི་ཚོའི་སེམས་ནང་སེམས་ཚོར་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་བཀོད་འདུག།