རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་ལྔ་འབར་གས་བྱུང་འདུག
2008.09.13
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་ལྔ་དུས་མཉམ་དུ་འབར་གས་བཏང་སྟེ་མི་གྲངས་ཉི་ཤུ་རྩ་གཉིས་རྐྱེན་ལམ་དུ་བཏང་བ་དང་ ཉུང་མཐར་མི་གྲངས་དགུ་བཅུ་ཐམ་པར་རྨས་སྐྱོན་ཕོག་འདུག
དེས་མ་ཚད་འབར་རྫས་འབར་གསལ་མ་ཐུབ་པ་གསུམ་ཉེན་རྟོག་པར་རྙེད་སོན་བྱུང་བའི་ཁོངས་ནས་གཅིག་རྒྱ་གར་གྱི་རྒྱལ་སྒོ་ཞེས་པའི་སྙན་གྲགས་ཅན་གྱི་ས་གནས་དེར་སྦས་ཡོད་པ་རེད་ གོང་ཞུས་འབར་རྫས་ཡོངས་རྫོགས་སྐར་མ་བཞི་བཅུ་ཞེ་ལྔའི་ནང་ཚུད་འབར་གས་བྱུང་ཡོད་ཅིང་ ཁ་ཆེའི་དྲག་སྤྱོད་ཤོག་ཁག་ཅིག་གིས་འབར་རྫས་གས་གཏོར་གཏོང་མཁན་ཡིན་ལུགས་ངོས་ལེན་གསལ་བསྒྲགས་བྱས་ཡོད་པ་རེད་ ཁ་ཆེའི་དྲག་སྤྱོད་ཤོག་ཁག་དེས་འབར་རྫས་དང་པོ་དེ་གས་སྟོར་མ་བཏང་གོང་གི་སྐར་ཆ་གཅིག་ཙམ་སྔོན་ལ་ཨིན་ཊར་ནེཏ་བརྒྱུད་ནས་མྱུར་འཕྲིན་བཏང་བའི་ནང་ ཁ་ཆེའི་དྲག་སྤྱོད་པ་ཚོ་བྱེད་གཏེ་ཡིན་པ་གསལ་བསྒྲགས་བྱས་མ་ཚད་ འགོག་ཐབས་ཡོད་ན་བགྱིས་ཤིག་ཅེས་དཔའ་ངོམས་ནས་བྱས་ཡོད་པ་རེད་ འོན་ཀྱང་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་སོགས་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པའི་ཡ་ང་སྙིང་རྗེ་དང་བྲལ་བའི་རྩུབ་སྤྱོད་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་དང་ཆབས་ཅིག་ དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གཙོས་རྒྱལ་སྤྱིའི་དབུ་ཁྲིད་མང་པོས་རྐྱེན་ལམ་དུ་ཕྱིན་པའི་ནང་མི་བུ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་དང་འཇིགས་སྐུལ་དྲག་སྤྱོད་པ་ཚོར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་སྔོན་ཕྱི་ལོ་༢༠༠༥ལོར་རྒྱལ་ས་ལྡི་ལིར་འབར་གས་གསུམ་བྱུང་བའི་ནང་མི་གྲངས་བདུན་ཅུའི་ཚེ་སྲོག་ཕྲོག་ཡོད་པ་དང་དྲག་སྤྱོད་ཀྱི་ལས་ངན་བྱེད་པོ་ཁ་ཆེའི་དྲག་སྤྱོད་པར་པ་ཀི་སི་ཐན་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད་ འོན་ཀྱང་ད་རེས་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡི་རི་ཡིས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་དེར་སྐྱོན་བརྗོད་གནང་ཡོད་པ་རེད།