ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས།
2018.05.10

དེ་ཡང་ཉེ་ལམ་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་རྒྱ་གར་རྡ་རམ་ས་ལར་ཕེབས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་ཁག་ལ་མཇལ་འཕྲད་གནང་བ་དང་ཆབས་ཅིག ཕྱི་ཟླ་༥པའི་ཚེས་༡༠ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གསུམ་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ། ཁོང་ཚོས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་། བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་བཅས་གསལ་བསྒྲགས་སྤེལ་སོང་། ཡོ་རོབ་ཀྱི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་ཐོ་མསྀ་མཱན་ནས་གསུང་དོན། ཁོང་གིས་ཡོ་རོབ་གྲོས་ཚོགས་སུ་མང་མོས་ཀྱི་སྒོ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྲོས་ཆོད་བཞག་ཡོད་ལ། ང་ཚོས་རྒྱ་ནག་ནང་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་རིམ་ལ་ཡང་ངོ་རྒོལ་བྱས་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བཙན་གནོན་གྱི་རིགས་གང་ཡིན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ང་ཚོས་བོད་མི་ཚོར་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་དགོས་པར་ངོས་འཛིན་དང་། ལྷག་པར་སོ་སོའི་སྐད་ཡིག་བེད་སྤྱོད་དང་རིག་གཞུང་གོམས་གཤིས་གོང་སྤེལ་གྱིས། སོ་སོའི་འཚོ་གནས་ཀྱི་ཐབས་ཤེས་གང་དྲག་བེད་སྤྱོད་ཆོག་པར་ཐོབ་ཐང་དགོས་ལུགས་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།
ད་དུང་སྐུ་ཞབས་ ཐོ་མསྀ་མཱན་དང་ལྷན་དུ་བཅར་བ་ ཡོ་རོབ་རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཡོ་རོབ་གྲོས་ཚོགས་འཐུས་མི་སུ་བྷ་སོ་གྷར་གིས། རྒྱ་ནག་དམར་ཤོག་གི་གཞུང་དེ་འཐོར་བཤིག་འགྲོ་སྲིད་པ་ཡིན་པས། བོད་མི་ཚོས་དེའི་རྗེས་འབྲེལ་གྱི་གནས་ཚུལ་ལ་གྲ་སྒྲིག་བྱ་དགོས་པའི་བསམ་ཚུལ་བཏོན་གནང་ཞིང་། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་ཐབས་ལམ་བརྒྱུད། རང་དབང་དང་བདེན་དོན་སོགས་ཀྱི་བོད་དོན་འཐབ་རྩོད་གནང་བཞིན་པ་དེར། ཁོང་ཚོས་རྗེས་སུ་ཡི་རང་ཆེན་པོ་གནང་གི་ཡོད་པ་དང་། ཁོ་རང་དམར་ཤོག་གི་རྒྱལ་ཁབ་ཅིག་ནས་ཡོང་བའི་ཆ་ནས། སྤྱི་ལོ་༡༩༨༩ལོར་ཁོང་གི་རྒྱལ་ཁབ་ཏུ་དམར་ཤོག་གི་སྲིད་དབང་འཐོར་བཤིག་འགྲོ་སྐབས། ཁོང་གི་ལུང་པ་རོ་མེ་ནི་ཡར་གྲ་སྒྲིག་ཡག་པོ་མེད་པའི་ཉམས་མྱོང་གཏིང་ཟབ་བྱུང་ཡོད་པས། རྒྱ་ནག་དམར་ཤོག་གི་སྲིད་དབང་འཐོར་རྗེས་གི་གནས་ཚུལ་ལ་གྲ་སྒྲིག་བྱེད་དགོས་པ་གསུངས་འདུག
ཡང་ཡོ་རོབ་གྲོས་ཚོགས་འཐུས་མི་ར་མོན་ ཏེརེ་མོ་ས་ལགས་ཀྱིས། འཛམ་གླིང་ས་ཕྱོགས་གང་དུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཡོད་པ་དེའི་རིང་ཁོ་རང་རང་དབང་ཆ་ཚང་ཡོད་པའི་མི་ཞིག་ཏུ་ཚོར་གྱི་མེད་པ་དང་། བོད་མི་ཚོར་རང་དབང་མེད་པས་དེ་མཚུངས་སུ་ཚོར་གྱི་ཡོད་པ་གསུངས་ཤིང་། དེ་ཚོ་ནི་ཁོ་རང་བོད་རང་བཙན་རྩོད་མཁན་གྱི་བོད་མིའི་གྲོགས་པོ་ཡིན་པས། བོད་ལ་རང་བཙན་དགོས་ཀྱི་འདུག་ཅེས་པ་ཙམ་གྱི་གནད་དོན་མིན་པར། དེ་ནི་བདེན་དོན་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཡིན་པར་བརྟེན། བོད་ནང་༧གོང་ས་མཆོག་ལ་དད་མོས་བྱེད་མི་ཆོག་པ་དང་། དཔལ་འབྱོར་གྱི་ཆ་ནས་ཟུར་བཀར་དབྱེ་འབྱེད་སོགས་ལ། ང་ཚོས་གང་ཡང་མ་ལབ་པར་བསྡད་ན། ནམ་ཞིག་འཛམ་གླིང་ས་ཕྱོགས་གང་དུའང་དེ་འདྲ་ཡོང་སྲིད་པ་མ་ཟད། ཡུལ་ལུང་གང་དུའང་མི་རབས་རིམ་སོང་འཐབ་རྩོད་ཀྱིས་ཚད་ངེས་ཅན་གྱི་མང་གཙོ་དང་རང་དབང་ལ་ལོངས་སུ་སྤྱོད་པ་ལས་འབྱུང་འགྱུར་གང་ཡོང་ལ་ངེས་གཏན་མེད་པས་གནད་དོན་དེ་གལ་ཆེན་ཡིན་པ་གསལ་བཤད་གནང་སོང་།གསར་འགོད་པ་བློ་བྷེ།