མཉམ་འབྲེལ་རྒྱལ་ཚོགས་མདུན་ཟས་བཅད་ངོ་རྒོལ།
2012.02.23
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་འཁྲིད་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱི་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས་གནང་བཞག
དེ་ཡང་ཁ་ས་ཚེས་༢༢ཉིན་ཆུ་འབྲུག་གནམ་ལོ་གསར་ཚེས་དང་སྟབས་བསྟུན་ བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གཙོས་པའི་གཞི་ལུས་བོད་མིའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་དང་ཕྱོགས་མཚུངས་བོད་རང་དབང་གི་འབོད་སྒྲ་རྒྱ་ཁྱབས་ཆེད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས་གནང་ཡོད་པ་རེད། ཟས་བཅད་ཀྱི་ལས་འགུལ་ནང་ དགུངས་ལོ་༣༢ཡིན་པ་རྒྱ་གར་ནས་ཤིང་རྗ་རིན་པོ་ཆེ་དང་། དགུངས་ལོ་༥༩ཡིན་པ་ཨ་རི་ནས་རྡོ་རྗེ་རྒྱལ་པོ་ལགས། དེ་བཞིན་དགུངས་ལོ་༣༩ཡིན་པ་ཡི་ཤེས་བསྟན་འཛིན་ལགས་བཅས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་མཉམ་བཞུགས་གནང་ཡོད་འདུག ཐེངས་འདིའི་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདིའི་བརྒྱུད་བོད་ཀྱི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་དུམ་གནང་དགོས་པའི་དགོས་འདུན་དང་རེ་འདུན་ཁག་གཅིག་གསལ་འདོན་གནང་འདུག་ལ། བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་སླད་རྒྱལ་ཚོགས་ཀྱི་རྟོགས་ཞིབ་ཚོགས་ཆུང་ཆེད་བཏོང་གནང་དགོས་པ། རྒྱ་ནག་གཞུང་གི་བོད་ནང་དྲག་པོའི་ཁྲིམས་གཞི་ལྟ་བུ་བཀོད་སྡོམ་བྱེད་པ་དེ་དག་མཚམས་འཇོག་དང་། བོད་ནང་ཕྱི་རྒྱལ་གསར་འགོད་པ་བསྐྱོད་རྒྱུར་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པ་དགོས་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྗོགས་ཀློད་བཀྲོལ་དང་། རྒྱ་ནག་གཞུང་གི་བོད་ནང་རྒྱལ་གཅེས་ཆོས་གཅེས་ཅེས་པའི་སློབ་གསོའི་ལས་འགུལ་འཕྲལ་མར་མཚམས་འཇོག་ཡོངས་ཐབས་བཅས་ཀྱི་སྐོར་ རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། གཞན་ཡང་ད་རེས་དུས་བཀག་ངེས་མེད་ཀྱི་ཟས་བཅད་ལས་འགུལ་འདིའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་གཏོང་བའི་གདུག་རྩུབ་ཀྱི་བྱ་སྤྱོད་འགོག་ཐབས་སླད་འཛམ་གླིང་ཡུལ་ཁག་གི་གཞུང་དང་མགོ་འཁྲིད་ཚོས་བར་དུམ་གནང་སྟེ་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོ་དང་ཐད་ཀར་འབྲེལ་བ་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བཞག།