ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་༣པ་དེ་ཉིང་ཁྲི་ས་ཁུལ་དུ་ཚོགས་པ་ནི་རྒྱ་གར་ལ་བརྡ་ལན་སྤྲོད་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2023.10.06
ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་༣པ་དེ་ཉིང་ཁྲི་ས་ཁུལ་དུ་ཚོགས་པ་ནི་རྒྱ་གར་ལ་བརྡ་ལན་སྤྲོད་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་དེ་ཕྱི་ལོ་ ༢༠༢༡ ལོར་མགོ་ཚོགས་པའི་སྐབས།
Chinese state media

འདི་ལོར་རྒྱ་ནག་གིས་(3rd Trans-Himalaya Forum) ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་ ༣ པ་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་རྩོད་གླེང་ཆེ་བས། རྒྱ་གར་གྱི་ཨ་རུ་ནཱ་ཅལ་ས་ཁུལ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༦༠ སར་ཆགས་པའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་འདི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་བསྐོང་ཚོགས་གནང་ཡོད་པ་དང་གླེང་སྟེགས་ཐོག་རྒྱ་ནག་གཙོས་པའི་པ་ཀི་སི་ཐན། ཨཕ་གྷ་ནི་སི་ཐན་དང་སོག་པོ་བཅས་མཉམ་ཞུགས་གནང་ཡོད་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་(Kalpit Mankikar) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལྟར་ན། དོན་དངོས་ཐོག་ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་དེ་བཞིན་རྒྱལ་ཁབ་ཕན་ཚུན་རིག་གཞུང་འབྲེལ་ལམ་དང་སྣོད་བཅུད་རྟེན་འབྲེལ་གཉེར་སྲུང་དང་འབྲེལ་བའི་བཟང་པོའི་དམིགས་དོན་ཞིག་རེད། འདི་གསར་གཏོད་བྱས་མཁན་ཡང་རྒྱ་ནག་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་རྒྱལ་ཁབ་ནི་འཛམ་གླིང་ནང་ཁོར་ཡུག་འབགས་བཙོག་བཟོ་མཁན་མང་ཤོས་དེ་ཡིན་པ་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་པ་རེད། ཧ་ལས་དགོས་པ་ཞིག་ལ་འདི་ལོའི་ཚོགས་འདུའི་བརྗོད་གཞི་ཡང་སྣོད་བཅུད་རྟེན་འབྲེལ་གྱི་རིག་གཞུང་དར་ཁྱབ་དང་ཁོར་ཡུག་སྲུང་སྐྱོབ་ཅེས་པ་དེ་རེད་འདུག བརྗོད་གཞི་ཧ་ལས་པའི་ཡག་པོ་རེད་འདུག ཡིན་ན་ཡང་དོན་དངོས་ཐོག་རི་བོ་ཧི་མ་ལ་ཡའི་ཐོག་ག་རེ་བྱུང་གི་ཡོད་པ་དེ་ཤེས་རྒྱུ་གལ་ཆེན་པོ་རེད། གནད་དོན་གཉིས་ཀར་མི་མཚུངས་པ་ཆགས་ཀྱི་འདུག འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་ནས་ཁོར་ཡུག་ཐོག་གནོད་སྐྱོན་ཤུག་ཆེ་བཟོ་ཡོད་པ་རེད་ལ། ལྷག་པར་དུ་རྒྱ་ནག་གིས་ཆུ་མཛོད་མང་པོ་ཞིག་རྒྱག་བཞིན་པའི་ནས་དེའི་གྲངས་ཐོ་ཁ་གསལ་ཞིག་བརྗོད་ཀྱི་མེད་པ་རེད། རྒྱ་ནག་གིས་ཚོགས་འདུའི་དམིགས་ཡུལ་དང་བྱ་སྤྱོད་གཉིས་ཀར་འགལ་ཟླ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་ཀྱི་འདུག

ཡང་མཚོ་དམག་དམག་སྤྱི་ཟུར་པ་དང་རྒྱ་གར་ལྷོ་ཕྱོགས་ཅེ་ན་ཡི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་(RS Vasan) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། འདི་ནི་གཙོ་བོ་རྒྱ་གར་ལ་བརྡ་ལན་སྤྲོད་རྒྱུར་ཡིད་ཆེད་བྱེད་མཁན་ཞིག་རེད། ལྷག་པར་དུ་ད་ལན་ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་ཉེ་འདབས་སུ་ཆགས་པའི་བོད་ཉིང་ཁྲི་ས་གནས་སུ་ཚོགས་དོན་གཙོ་བོ་ནི་རྒྱ་གར་ལ་བརྡ་ལན་སྤྲོད་རྒྱུའི་ཆེད་དུ་དང་ས་ཁུལ་དེ་དག་རྒྱ་ནག་ལ་བདག་དབང་ཡོད་ལུགས་རྒྱལ་སྤྱིའི་ཐོག་གསལ་སྟོན་བྱ་རྒྱུའི་ཆེད་དུ་ཡིན་པ་རེད། དོན་དངོས་ཐོག་ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་མངའ་ཁུལ་ཞིག་རེད་ཅེས་གསུངས་ཀྱི་འདུག

ཡང་སྐུ་ཞབས་(Kalpit Mankikar) ལགས་ཀྱི་མུ་མཐུད་གསུངས་དོན་དུ། ཟླ་བ་ཁ་ཤས་སྔོན་རྒྱ་གར་ནང་(G-20) ལྷན་ཚོགས་བསྐོང་ཚོགས་གནང་པ་དང་ཚོགས་འདུ་རིམ་པ་ཁ་ཤས་ཇ་མུ་དང་ཀ་ཤི་མིར་དང་ཁ་ཤས་ཨ་རུ་ན་ཅལ་ནང་ཚོགས་པ་རེད། སྐབས་དེ་དུས་རྒྱ་ནག་གི་རྒྱ་གར་ལ་དགག་པ་རྒྱབ་པ་རེད། ད་ཆ་རྒྱ་ནག་གིས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཡོད་སའི་ས་ཁུལ་གྱི་ཉེ་འདབས་སུ་དེ་ལྟ་བུའི་ཚོགས་འདུ་བསྐོང་ཚོགས་གནང་པ་དེ་རྒྱ་གར་ལ་བརྡ་ལན་ཞིག་བཏང་པ་དང་ཨ་རུ་ནཱ་ཅལ་གྱི་ས་ཁུལ་རྒྱ་ནག་ལ་བདག་དབང་ཡོད་ལུགས་སྟོན་རྒྱུའི་ཆེད་དུ་རེད་ཅེས་གསུངས་ཀྱི་འདུག།

རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་ཐད་མུ་མཐུད་རྩོད་རྙོག་ཆེན་པོ་ཡོད་ལ། རྒྱ་ནག་གིས་རྒྱ་གར་མངའ་ཁོངས་ཨ་རུ་ན་ཅཱལ་གྱི་ས་ཁོངས་དེ་དག་བོད་ལྷོ་རྒྱུད་ཀྱི་ས་ཁུལ་ཞེས་འབོད་བཞིན་པ་དང་འདི་ལོ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ ༡༡ གི་མིང་གསར་བཟོ་བྱས་པར་རྒྱ་གར་ཕྱི་སྲིད་ལས་ཁང་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག

ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༡༨ ལོར་མགོ་འཛུགས་གནང་པ་ཞིག་ཡིན་འདུག དེ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་ཁ་ཡོད་ལག་ཡོད་ཀྱི་མཉམ་ལས་ཀྱི་ནུས་པ་སྤུང་རྒྱུའི་ཆེད་དུ་དང་ས་བབས་གནས་སྟངས་ཀྱི་འབྲེལ་ལམ་ཡོང་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་རྟེན་འབྲེལ་གྱི་ཉར་ཚགས་དང་རིག་གཞུང་འབྲེལ་ལམ་སོགས་ཡིན་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎