དགེ་འདུན་པ་༣༠་ཞིག་ཚན་རིག་གི་དགེ་རྒན་འོས་སྦྱོང་ཐོན་ཟིན་པ།
2010.05.15
༄༅༎རྒྱ་གར་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ནང་པའི་བཤད་སྒྲུབ་ཀྱི་ལྟེ་གནས་ཁག་གི་ནང་དེང་དུས་ཚན་རིག་ཀྱི་སློབ་གཉེར་གསར་འཛུགས་དགོས་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན་ བར་སྐབས་ཤེས་རིག་བཀྲ་བའི་དགེ་འདུན་པ་ཁག་གཅིག་ལ་ནང་པའི་དགོན་པ་ཁག་གི་ནང་ཚན་རིག་གི་དགེ་རྒན་བྱ་རྒྱུའི་སྦྱོང་བརྡར་ལོ་མང་རིང་སྤྲད་པའི་རྗེས་ ད་ཆ་དགེ་འདུན་པ་གསུམ་བཅུ་ཞིག་དགེ་རྒན་འོས་སྦྱོང་གི་སློབ་ཐོན་ཟིན་ཡོད་པ་དང་དེ་འབྲེལ་མཛད་སྒོ་ཞིག་རྡ་རམ་ས་ལའི་ཉེ་འགྲམ་སྦིར་ས་གནས་སུ་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དབུ་ཞུགས་ཐོག་གནང་འདུག།
དགེ་འདུན་པ་ཚོར་ཚན་རིག་ཟབ་སྦྱོང་གནང་རྒྱུའི་ལས་འགན་གཙོ་བོ་དེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་བླངས་ཡོད་པ་དང་དཔེ་མཛོད་ཁང་ནས་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་སློབ་ཐོན་ཟིན་པའི་དགེ་འདུན་པ་དེ་དག་གིས་རང་རང་སོ་སོའི་ཐོབ་ཁུངས་ཀྱི་དགོན་སྡེ་ཁག་གི་ནང་དགེ་འདུན་པ་ཚོར་འཇིགས་རྟེན་གྱི་ཁམས་དང་ ཀླད་ཁམས་རིག་པ་སོགས་ཚན་རིག་གི་སྡེ་ཚན་མི་འདྲ་བའི་ཐོག་ཚན་རིག་གི་སློབ་འཁྲིད་བྱེད་པའི་ཐབས་ལམ་དང་དེ་མིན་གྱི་ཚན་རིག་གི་སྤྱི་བཤད་བོད་སྐད་དང་བོད་ཡིག་ཐོག་ཕབ་བསྒྱུར་བྱེད་པའི་ཡིག་ཆ་དང་བརྙན་པར་སོགས་བསྣམས་ཏེ་སློབ་འཁྲིད་གནང་རྒྱུ་ཡིན་པ་བརྗོད་འདུག
བོད་པའི་དགེ་འདུན་པ་ཚོར་ཚན་རིག་ཟབ་སྦྱོང་གི་སློབ་གཉེར་མཁོ་སྤྲོད་ཞུ་རྒྱུར་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་ས་གར་ཁྱིམ་ཚང་རོགས་ཕན་ཐེབས་རྩ་ཁང་ནས་མཐུན་འགྱུར་གནང་ཡོད་པ་དང་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་ཚན་རིག་པ་མང་དག་ཅིག་ནས་དངོས་སུ་དགེ་འདུན་པ་དེ་དག་ལ་སློབ་འཁྲིད་གནང་ཡོད་པ་རེད།
ད་ཆ་དགེ་འདུན་པ་ཚན་རིག་དགེ་རྒན་སྐབས་དང་པོ་དེའི་འཆར་གཞི་ལེགས་གྲུབ་ཟིན་སྟབས་ སྐབས་གཉིས་པའི་དགེ་རྒན་སྦྱོང་བརྡར་གྱི་ཁོངས་སུ་གྲྭ་བཙུན་གཉིས་ཀ་ཡོད་པའི་དགེ་འདུན་པ་གསུམ་བཅུ་ཙམ་ད་ལྟ་ཚན་རིག་གི་སློབ་གཉེར་བྱེད་བཞིན་པའི་ཁོངས་ནས་ཕྱི་ལོ་༢༠༡༡ལོར་འདེམས་སྒྲུག་གནང་རྒྱུ་ཡིན་འདུག།