དགེ་འདུན་པ་བསྔོ་སྨོན་གསུངས་བར་འགྲོ་རྒྱུ་བཀག་འདུག
2012.08.08
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཀན་ལྷོ་གཙོས་གྲོང་ཁྱེར་ནས་རང་ལུས་མེར་བསྲེགས་གཏོང་མཁན་སྒྲོལ་དཀར་འཚོའི་ཆེད་བསྔོ་སྨོན་དང་ནང་མིར་སེམས་གསོའི་ཆེད། སྤྱི་ཚེས་༨ཉིན་རྒྱབ་ཆུ་ཚོད་༡་༣༠སྟེང་བླ་བྲང་བཀྲ་ཤིས་འཁྱིལ་ནས་དགོན་པ་རང་གི་གྲྭ་རྒྱུན་དང་ཕྱོགས་ཕེབས་ཀྱི་སློབ་གཉེར་བ་བཅས་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་གཙོས་བོད་མི་མི་ཉུང་བ་གཙོས་གྲོང་ཁྱེར་ཕྱོགས་སུ་བསྐྱོད་སྐབས། ས་གནས་ཆོས་ལུགས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ཡོང་ནས། གལ་ཏེ་ཁྱེད་ཚོ་འགྲོ་ན་ཁྲིམས་འགལ་ཡིན་ཚུལ་དང་རླངས་འཁོར་གཞུང་བཞེས་བྱེད་རྒྱུ་ཡིན་ཚུལ། དག་ཐེར་གཙང་སེལ་བྱེད་རྒྱུ་ཡིན་ཚུལ་སོགས་འཇིགས་སྐུལ་དང་བཙན་བཀའ་སྣ་ཚོགས་བཏང་ནས་བཀག་ཀྱང་། གྲྭ་མང་ནས་རླངས་འཁོར་མེད་ཀྱང་སྐྱོན་མེད། རྐང་ཐང་ལ་འགྲོ་གང་ནས་བཀག་ན་དེ་ནས་སྨོན་ལམ་འདོན་རྒྱུ་ཡིན་ཚུལ་གྱིས་སྲང་ལམ་དུ་སྐྱོད་འགོ་བརྩམས། སྐབས་དེར་དགོན་པའི་དོ་དམ་ཁང་གི་ཁོངས་མི་ཆ་ཚང་སླེབས་ནས་ཞུ་བ་དང་གོ་བསྐོན་སྣ་ཚོགས་སྒོས་བཀག་སོང་བས། ཚང་མ་འུ་ཐུག་ཐབས་ཟད་དང་ཡིད་སྐྱོའི་ངང་གནས་མཐར། དགོན་པའི་གཞུང་ལམ་གྱི་འགྲམ་ནང་བསྟན་སློབ་གྲྭའི་སྒོ་ཁ་ནས་སྨོན་ལམ་ཆུ་ཚོད་གཉིས་ཙམ་ལ་ཚོགས་རྗེས་རང་སར་གྲོལ་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་བོད་རིགས་བུད་མེད་རྒྱབ་ལ་བྱིས་བ་ཁུར་ཡོད་མཁན་ཞིག་གིས་མིག་ཆུ་འདོན་བཞིན་དགེ་འདུན་པ་ཚོ་དང་མཉམ་དུ་བསྔོ་སྨོན་གསུངས་བ་དང་། མཐར་རུམ་ནས་རྒྱ་སྒོར་མི་ཉུང་བ་བླངས་ནས་དགེ་འདུན་པ་རེར་རྒྱ་སྒོར་རེ་བསྔོ་སྨོན་ཆེད་འབུལ་ཡོད་པ་རེད་འདུག ད་དུང་གནས་ཚུལ་འབྱོར་བ་ལྟར། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་དུ་སྒྲོལ་དཀར་འཚོ་སོགས་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་གནང་མཁན་ཚོའི་ཆེད་དུ་མིག་ཟུང་མཚི་མས་ཁེངས་ནས་བསྔོ་སྨོན་ཞུ་མི་མང་པོ་འདུག་གསུངས།གྲུ་འཛིན་ཞིང་དུ་རྒྱལ་བ་མཆོག་རབ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ཤོག་ཅེས་འདི་གའི་ལས་ཁུངས་ལ་བཏང་འདུག