རྒྱལ་སྤྱིའི་ཨོ་ལིམ་པིཀསི་གྱི་རྩེད་འགྲན་ཐེངས་༣༠པ།
2012.07.28
༄༅༎རྒྱལ་སྤྱིའི་ཨོ་ལིམ་པིཀསི་གྱི་རྩེད་འགྲན་ཐེངས་གསུམ་བཅུ་པ་དེ་ཁ་སང་གཟའ་པ་སངས་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གཟི་བརྗིད་ལྡན་ལ་དབྱིན་ཇིའི་འདས་པའི་ལོ་རྒྱུས་ངོམས་སྟོན་བྱེད་པའི་ཐོག་ནས་དབུ་འབྱེད་བྱས་ཡོད་ཅིང༌། དབྱིན་ཇིའི་རྒྱལ་མོ་དང་རྒྱལ་ཁབ་ཀྱི་སྲིད་བློན་སོགས་སྐུ་མགྲོན་གཙོ་བོར་ཕེབས་ཅིང༌། དབུ་འབྱེད་ཀྱི་མཛད་སྒོ་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་མི་འཐེར་འབུམ་གཅིག་ལྷག་གིས་ཐད་གཏོང་བརྙན་འཕྲིན་གྱི་ཐོག་ནས་བལྟས་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
གཟའ་སྤེན་པའི་ཉིན་རྩེད་འགྲན་དངོས་སུ་ཚུགས་པ་དང༌། རྩེད་རིགས་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་འགྲན་བསྡུར་བྱས་པའི་ཁོངས་ནས་དོ་སྣང་བྱ་ཡུལ་ཆེ་ཤོས་ཤིག་ནི། མི་ཊར་བཞི་བརྒྱའི་སྔོན་འགྲོའི་ཆུ་རྐྱལ་འགྲན་བསྡུར་དེ་ཡིན་པ་དང༌། ཨ་རི་བ་པེ་ཅིང་གི་ཨོ་ལིམ་པིཀསི་སྐབས་ཁྱོན་བསྡོམས་རྟགས་མ་བརྒྱད་ཐོབ་མཁན་ མའི་ཀལ་ ཕེ་ལིཔ་སི དང་ རེ་ཡན་ ལོཀ་ཊེ་ གཉིས་འགྲན་བསྡུར་དངོས་གཞིའི་ནང་ཚུད་ཡོད་པ་རེད། འོན་ཀྱང་ལོ་བཞིའི་སྔོན་ཆུ་སྐྱལ་མི་ཊར་བཞི་བརྒྱའི་འགྲན་བསྡུར་གྱི་ནང་གསེར་གྱི་རྟགས་མ་ལོན་མཁན་ལྷོ་ཀོ་རི་ཡའི་ པཀ་ ཐའི་བན་ རྩེད་འགྲན་ནས་ཕྱིར་འབུད་བཏང་པའིི་གནས་ཚུལ་འདི་ནི་རྩེད་འགྲན་ཉིན་དང་པོའི་སྐབས་ཀྱི་ཧངས་སང་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད།
རྒྱ་ནག་ནི་ཐེངས་འདིའི་རྩེད་འགྲན་སྐབས་ཀྱང་རྟགས་མ་མང་ཤོས་ལེན་མཁན་ཞིག་ཆགས་སྲིད་པ་ཡོངས་གྲགས་རྩེད་མོའི་ཞིབ་འཇུག་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་ལ། ཨོ་ལིམ་པིཀསི་རྩེད་འགྲན་ཐེངས་གསུམ་བཅུ་པ་འདིའི་གསེར་གྱི་རྟགས་མ་དང་པོ་དེ་ཡང་རྒྱང་ཐག་མི་ཊར་བཅུའི་ཕུ་མདའི་འགྲན་བསྡུར་བ་ ཡཱི་སི་ལིང་ལ་ཐོབ་ཡོད་པ་རེད།
ཐེངས་འདིའི་ཨོ་ལིམ་པིཀསི་གྱི་རྩེད་འགྲན་འདིའི་ནང་ཡུལ་གྲུ་ ༢༤༠ ཙམ་ནས་འགྲན་བསྡུར་བ་ཆིག་ཁྲི་ལྷག་གིས་ཉིན་གྲངས་བཅུ་བདུན་རིང་རྩེད་འགྲན་བྱ་རྒྱུ་ཡིན་པ་རེད།།