མདུན་ལམ་སློབ་སྟོན་པའི་ལྷན་ཚོགས་ཐེངས་གསུམ་པ་འདུ་བསྐོང།
2012.06.11
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁང་གི་མ་འོངས་མདུན་ལམ་ལམ་སྟོན་ཚན་པས་ རྡ་ས་དཔེ་མཛོད་ཁང་དུ་ བོད་པའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ལྷན་ཚོགས་ཐེངས་གསུམ་པ་དེ་འདུ་སྐོང་གནང་བཞག།
སློབ་སྟོན་པའི་འགན་འཛིན་སྒྲོལ་་དཀར་དབང་མོ་ལགས་ཀྱིས་ ཤེས་རིག་ལས་ཁང་གི་ཚབ་ཞུས་ཏེ། ལྷན་ཚོགས་ཐེངས་གསུམ་པའི་ཐོག་ཕེབས་པའི་སློབ་སྟོན་པ་དང༌། ཁོང་རྣམ་པར་ཟབ་སྦྱོང་གནང་མཁན་ཡོངས་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ། ལྷན་ཚོགས་དང་ཟབ་སྦྱོང་ཟུང་འབྲེལ་གྱི་འདུ་ཚོགས་དེ་གནང་དགོས་པའི་དམིགས་ཡུལ་ནི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་མ་འོངས་མདུན་ལམ་སློབ་སྟོན་གནང་མཁན་ཚོའི་དབར་ཕན་ཚུན་བསམ་ཚུལ་དང་ཉམས་མྱོང་བརྗེ་ལེན་གནང་ཐུབ་རྒྱུའི་དོན་དུ་ཡིན་སྐོར་གསལ་བཏོན་གནང་བཞག།
དེ་བཞིན་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ ཤེས་རིག་ལས་ཁང་གྱི་དྲུང་ཆེ་ལས་འཕར་སྐུ་ཞབས་སྟོབ་རྒྱལ་ཚེ་རིང་ལགས་ཀྱིས་ རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་མ་འོངས་མདུན་ལམ་སློབ་སྟོན་པ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་པ་དང༌། མདུན་ལམ་སློབ་སྟོན་པས་སློབ་ཕྲུག་གི་ཤེས་ཡོན་ཐེ་པའི་སྤྱི་ཡོངས་ཀྱི་གཤིས་སྤྱོད་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
གོང་ཞུས་མདུན་ལམ་སློབ་སྟོན་པའི་ཟབ་སྦྱོང་ལྷན་ཚོགས་དེ་དེ་རིང་ནས་དབུ་ཚུཌ་ཀྱིས་ཕྱི་ཚེས་༡༥བར་ཉིན་ལྔའི་རིང་ཚུགས་གནང་གི་ཡོད་པ་དེ་དག། ཚོགས་ཐེངས་༢༠ཆ་བགོས་གནང་འདུག། མདུན་ལམ་སློབ་སྟོན་པ་ཚོར་ ཟབ་ཁྲིད་གནང་མཁན་རྒྱ་གར་དང་ཨ་རི། སོ་ཀོཊི་ལེནཌ་བཅས་ནས་དགེ་རྒན་ཆེན་མོ་དང་འབྲེལ་ཡོད་མི་སྣ་མང་པོ་ཞིག་འདུག་ལ། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན། ཤེས་རིག་ལས་ཁང་ནས་ལྔ་དང༌། བོད་ཕྲུག་ཁྱིམ་སྡེ་ནས་༨། མ་སུ་རི་བུ་ཁྱིམ་དང་བལ་ཡུལ་གངས་སེང་ཚོགས་པ་དང་འཕྲོད་བསྟེན་ལས་ཁག་བཅས་ནས་འཐུས་ཚབ་གཅིག་རེ་བཅས་ཁྱོན་ མདུན་ལམ་སློབ་སྟོན་པ་༡༦ཡོད་སྐོར་ བཙན་བྱོལ་བོད་མིའི་དྲ་གནས་ཀྱིས་གནས་ཚུལ་སྤེལ་གནང་བཞག།ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་ཆེད་ཕེབས་གནང་ཡག་རེད་འདུག།