ཨོ་ལིམ་པིག་ཚོགས་རའི་ཉེ་འཁྲིས་སུ་བོད་དོན་ཕྲེད་དར་དཔྱངས་བ།
2008.08.06
༄༅༎བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་གྱི་ཉེ་འཁྲིས་སུ་ཕྲེད་དར་འཆངས་རྩིས་བྱས་ཡོད་འདུག
རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ལ་ཉེ་བའི་སྐབས་རྒྱལ་སྤྱིའི་ནང༌། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། རྒྱ་རིགས་ཕ་ལུང་ཀུང་སྒོམ་སྒྲུབ་པ་སོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་རེད།
ལྷག་པར་དུ་དེ་རིང་རེས་གཟའ་ལྷག་པའི་ཉིན་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་ཕྱི་རྒྱལ་མི་རིགས་ཀྱི་ཚོགས་མི་བཞིས་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་གྱི་ལྟེ་གནས་བྱིའུ་ཚང་ཞེས་པའི་ཉེ་འཁྲིས་སུ་གློག་ཤིང་གཉིས་ཀྱི་སྟེང་ཕྲེད་དར་དང༌། བོད་ཀྱི་རྒྱལ་དར་དཔྱངས་ཡོད་འདུག ཕྲེད་དར་སྟེང་འཛམ་གླིང་གཅིག་དང༌། དམིགས་ཡུལ་གཅིག། བོད་རང་བཙན་ཞེས་བཀོད་ཡོད་འདུག། འོན་ཀྱང་ལས་འགུལ་སྤེལ་མཁན་དེ་དག་ཆུ་ཚོད་གཅིག་ཙམ་ཕྱིན་པའི་རྗེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་གིས་ད་ལྟའི་འཆར་བཀག་ཉར་བྱས་ཡོད་འདུག
གནད་དོན་འདིའི་ཐོག་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་འབྲེལ་ཡོད་སུན་ ལྦེ་ཏེས་གསར་འགོད་ལྷན་ཚོགས་ཤིག་ཐོག། རྒྱ་ནག་གི་ཁྲིམས་གཞིར་བཟུང་མི་སེར་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་ཆོག་མཆན་ཞུ་ཆོག་གི་ཡོད་རེད། དེ་འདྲ་ཡིན་དུས་ཕྱི་རྒྱལ་བ་ཚོས་ཀྱང་དེར་སྲུང་བརྩི་ཞུ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག།