ཡིག་ཆ་༣༩གླེང་སློང་བྱས་རྐྱེན་གྲོས་ཚོགས་ལས་ཉིན་༤ཚོགས་མ་ཐུབ་པར་ཚོགས་གསེང་གནང་དགོས་བྱུང་བ།
ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་ ༤ པའི་སྔ་དྲོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་གཉིས་པའི་༼ག༽པ་གཞིར་བཟུང་བོད་མའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་གྲོས་ཚོགས་ནང་བགྲོ་གླེང་སྐབས། སྤྱི་འཐུས་འགའ་ཞིག་གིས། གྲོས་ཆོད་ཡིག་ཆ་ཨང་༣༩བཞག་སྟེ། འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཚོས་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་ཤིང་། ཡང་སྤྱི་འཐུས་འགའ་ཞིག་གིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་འཕོ་འགྱུར་གྱི་གྲོས་ཆོད་བཞག་པ་དེར་ཁྲིམས་ལུགས་ཀྱི་གཞི་རྟེན་མེད་པ་མ་ཟད། དེའི་ཐོག་མུ་མཐུད་གླེང་སློང་བྱས་ན་གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་གྱི་ཡིན་ཞེས་བརྗོད་དེ་སྤྱི་འཐུས་༡༣གྲོས་ཚོགས་ནས་ཕྱིར་ཐོན་བྱས་པའི་དབང་གིས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་མ་ཚང་སྟབས། ཉིན་འདིར་གྲོས་ཚོགས་ཚོགས་མ་ཐུབ་པར་ཕྱི་ཚེས་༡༢རེས་གཟའ་ཟླ་བ་བར་ཚོགས་གསེང་གནང་དགོས་བྱུང་སོང་།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་༢ པའི་༼ག༽པ། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་འཁོད་པ་བཞིན། བཅའ་ཁྲིམས་དེ་ལག་བསྟར་བྱས་ནས་ལོ་ངོ་༣༠འཁོར་ཟིན་ཡོད་སྟབས། ཉིན་འདིར་གྲོས་ཚོགས་ནང་གོང་ཞུས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒྲོག་སྦྱང་གནང་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནི་ཁྲིམས་ཁང་ངམ་ཁྲིམས་ཞིབ་ཁང་འོག་མ་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་ནམ་ཁྲིམས་ཞིབ་པའི་ལས་འཁུར་བླངས་མྱོང་བའམ། དམའ་མཐར་ཉེ་བའི་ཁྲིམས་ལུགས་རམ་འབྱམས་པའི་ལག་འཁྱེར་LLB ཡོད་པ་གང་ཞིག་ལོ་བཅུ་ཡན་ཁྲིམས་དོན་དང་འབྲེལ་བའི་ལས་འགན་བླངས་མྱོང་བའམ། བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་འཁྱེར་ཡོད་པ་གང་ཞིག་བཙན་བྱོལ་བོད་མའི་ཕྱི་ཚོགས་ནང་ལོ་ངོ་༡༥ཡན་ལས་འགན་བླངས་མྱོང་པ། ཡང་ན་བོད་མའི་སྒྲིག་འཛུགས་མ་ལག་ཏུ་ལོ་ངོ་༡༥ཡན་གྱི་ཞབས་ཞུའི་ཉམས་མྱོང་ལྡན་པ་ཞིག་དགོས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
འོན་ཀྱང་། སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ཁྲིམས་འཆར་དེར་ཚུད་པར་ངོ་རྒོལ་བྱས་པའི་རྐྱེན་གྱིས། སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཁྲིམས་འཆར་དེ་ཚུད་པར་མང་མོས་ཀྱི་རྒྱབ་སྐྱོར་ཡོད་མེད་ལྟ་བའི་སྐབས། ཁྲིམས་འཆར་དེར་དགག་པ་རྒྱབ་མཁན་སྤྱི་འཐུས་༡༠དང་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༢བྱུང་ཡོད་སྟབས། མང་མོས་ཀྱི་ཐོག་ནས་ཁྲིམས་འཆར་དེ་ཚུད་ཡོད་པ་རེད།
གཞན་ཡང་ཉིན་འདིའི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth II དགུང་གྲངས་༩༦ཐོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་གནང་སྟེ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།