འབར་མའི་དམངས་གཙོ་ཚོགས་པའི་ཚོགས་མི་ལྔ་འཛིན་བཟུང༌།
2009.03.17
༄༅༎འབར་མའི་དྲག་པོའི་གཞུང་གི་དོ་དམ་བཀག་ཉར་འོག་ཏུ་ཡོད་པའི་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་ཡི་ཚོགས་པའི་ཚོགས་མི་ལྔ་ད་རེས་ཉེ་ཆར་དྲག་པོའི་གཞུང་གིས་འཛིན་བཟུང་བྱས་པའི་སྐོར་དེ་རིང་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་གསུང་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབར་མའི་དྲག་པོའི་གཞུང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་དམངས་གཙོ་དོན་གཉེར་ཅན་ཐོག་འཛིན་པའི་སྡང་ཟུག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་ཀྱང་གཟའ་འཁོར་སྔོན་དེར་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པའི་ཚོགས་མི་སྐྱེས་པ་བཞི་དང་བུད་མེད་གཅིག་དྲག་པོའི་གཞུང་གིས་རྒྱལ་ས་ཡང་ཨོན་ནང་ནས་འཛིན་བཟུང་བྱས་ཡོད་ཅིང་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་ཟེ་བས་ཕེ་རན་སི་གསར་འགོད་པར་གསུང་ན་དྲག་པོའི་གཞུང་གིས་ཁོང་རྣམས་ག་པར་དོ་དམ་བྱས་ཡོད་མེད་ཀྱི་གནས་ཚུལ་ད་ལྟ་ཤེས་རྟོགས་མེད་པ་དང་ཁོང་ཚོ་ག་པར་ཡོད་མེད་དང་ཁོང་ཚོའི་གནས་སྟངས་ཐོག་ལ་ནང་མི་ཚོ་སེམས་ཁྲལ་ཆེན་པོ་བྱེད་བཞིན་པ་དང་ཁོང་ཚོ་ཚོགས་པའི་ངོས་ནས་ཀྱང་ཁོང་རྣམས་ག་པར་དོ་དམ་བཀག་ཉར་བྱས་ཡོད་མེད་རྩད་གཅོད་བྱེད་མུས་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།