ཨེ་ཤེ་ཡའི་ནང་སྙིང་ནད་པ་མང་པོས་སྨན་བཅོས་ཐོག་མཐུད་ཤོར།
2009.09.20
༄༅༎ཨེ་ཤེ་ཡའི་མངའ་ཁུལ་ནང་དུ་སྙིང་གི་ན་ཚ་ཡོད་མཁན་ནད་པ་བརྒྱ་ཆ་ལྔ་བཅུ་ལ་དགོས་ངེས་ཀྱི་སྨན་བཅོས་ཀྱི་དམིགས་ཡུལ་ཐོག་སླེབས་ཐུབ་ཀྱི་ཡོད་པ་དང་དེའི་རྒྱུ་རྐྱེན་ནི་སྨན་བཅོས་ཐོག་མཐུད་ཤོར་འགྲོ་བ་དེ་རྐྱེན་གཙོ་བོ་ཡིན་པའི་ཞིབ་འཇུག་གི་སྙན་ཐོ་བཏོན་ཡོད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་དེ་རིང་གནས་ཚུལ་སྤེལ་ཡོད་པ་རེད།
ཞིབ་འཇུག་སྙན་ཐོ་དེ་ནི་རེས་གཟའ་སྤེན་པའི་ཉིན་ཉིས་སྟོང་དགུ་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་མི་དམངས་ཀྱི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་སྙིང་གི་ན་ཚའི་སྐོར་གྱི་ལྷན་ཚོགས་ཐོག་ལ་འདོན་སྤེལ་གནང་ཡོད་ཅིང་ལྷན་ཚོགས་དེའི་ནང་དུ་ཨེ་ཤེ་ཡ་དང་ཞི་བདེརྒྱ་མཚོའི་མངའ་ཁུལ་ནང་ནས་སྙིང་གི་ན་ཚའི་ཐོག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་ཡུལ་གྲུའི་སྨན་དོན་མཁས་དབང་ཁག་མཉམ་འཛོམས་བྱས་ཡོད་པ་རེད། ཨེ་ཤེ་ཡའི་མངའ་ཁུལ་དུ་སྙིང་གི་ན་ཚའི་ཐོག་ལ་ཞིབ་འཇུག་གི་ལས་དོན་དེ་ནི་ཡུལ་གྲུ་དེ་དག་ནང་དེང་སྐབས་སྙིང་གི་ན་ཚའི་སློང་རྐྱེན་དཔེར་ན་ཁྲག་ནང་དུ་ཞག་ཚིལ་སྡུག་པའི་ཚད་གཞི་མཐོ་པོ་ཡོད་མཁན་གྱི་ནད་པར་སྨན་བཅོས་ཀྱི་མཐུན་རྐྱེན་ཇི་ལྟར་ཐོབ་ཀྱི་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་ཞིག་ཡིན་ཞིང་ཁྲག་ནང་དུ་ཞག་ཚིལ་སྡུག་པའི་ཚད་གཞི་མཐོ་པོ་ཡོད་པ་དེ་ནི་སྙིང་གི་ན་ཚའི་སློང་རྐྱེན་གཙོ་བོ་ཡིན་པར་བརྟེན་ཞིབ་འཇུག་དེའི་ནང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་གི་ནད་པ་དང་སྨན་པ་ཁྱོན་བདུན་སྟོང་ལྷག་ལ་ཞིབ་འཇུག་བྱས་པའི་སྐབས་ནད་པ་བརྒྱ་ཆ་༤༤ལྷག་གིས་སྨན་ཟ་རྒྱུ་བརྗེད་འགྲོ་བ་བཤད་པ་དང་ནད་པ་བཞིའི་ནང་ནས་གཅིག་གིས་སྨན་མ་བཟས་ཀྱང་སྐྱོན་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།