འཁོན་འགྲས་ཀྱི་བསམ་སྤྱོད་དོར་ཏེ་བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས། སྲིད་སྐྱོང་མཆོག་གིས།

2022.03.10
འཁོན་འགྲས་ཀྱི་བསམ་སྤྱོད་དོར་ཏེ་བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས། སྲིད་སྐྱོང་མཆོག་གིས། གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྐབས། ༠༣།༡༠།༢༠༢༢
RFA/Dhasa

དེ་ཡང་ཟླ་༣པའི་ཚེས་༡༠ཉིན་ནི། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་བར་ངོ་རྒོལ་དང་རང་དབང་སྒེར་ལངས་བྱས་ནས་ད་བར་ལོ་ངོ་༦༣འཁོར་བའི་དུས་དྲན་ཉིན་མོ་ཡིན་པར་བརྟེན། རྒྱ་གར་གཙོ་བོ་བྱས་བའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

T031022KLGp8.jpg
བཞུགས་སྒར་རྡ་རམ་སཱ་ལར་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༣པའི་གཞུང་འབྲེལ་གྱི་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་སེར་སྐྱ་མི་མང་འཛོམས་པའི་སར། ཆེད་དུ་སྐུ་མགྲོན་ལ་ཕེབས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་(Jiri Oberfalzer)་ལགས་ཀྱིས། འདས་པའི་ལོ་ངོ་བཅུ་ཕྲག་མང་པོ་རིང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམར་ཤོག་དང་མི་གཅིག་དབང་བསྒྱུར་གྱི་ལམ་ལུགས་འོག་བཙན་གནོན་ཤུགས་ཆེར་མྱོང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ད་ཆ་བོད་ནང་དུ་བོད་མི་ཚོར་གཅིག་མཚུངས་དྲག་གནོན་ཇེ་ཆེར་བཏང་དང་གཏོང་མུས་ཡིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས་ལ། བོད་མི་ཚོས་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་པ་དེ་ནི་འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་བ་དང་གཅིག་མཚུངས་ཡིན་པ་མ་ཟད། ད་རེས་ང་ཚོའི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་བོད་མི་ཚོར་བརྡ་ལན་དམིགས་བསལ་ཞིག་ཡོད་པ་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་རྟག་ཏུ་བོད་མིའི་རང་དབང་ཆེད་དུ་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་སོང་།

T031022KLGp5.jpg
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བཀའ་ཤག་གི་གསུངས་འཕྲིན་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ནུབ་ཁུལ་གསར་སྤེལ་ཆེན་མོ་ཟེར་བའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། བོད་ཁུལ་དུ་རྒྱ་གཞུང་གི་དབང་བསྒྱུར་སྟབས་བདེ་དང་རྒྱ་རིགས་འཚོ་གནས་ལ་ཕན་པའི་རྨང་གཞིའི་འཛུགས་སྐྲུན། བོད་ཀྱི་ཐོན་ཁུངས་སྔོག་འདོན། སྐད་གཉིས་སློབ་གསོའི་དམིགས་ཚད་གཏན་འབེབས་བརྒྱུད་ནས་རྒྱའི་སྐད་ཡིག་ཁྱབ་སྤེལ། དད་ལྡན་མང་ཚོགས་ལ་དབང་བསྒྱུར་སྟངས་འཛིན་བདེ་སླད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་རྒྱ་གཞུང་གིས་གཅིག་བསྡུས་བྱས་པའི་སྲིད་ཇུས་དེ་དག་གི་མཇུག་འབྲས་ནི། ༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་བ་དང་། བོད་རྒྱ་འབྲེལ་མོལ་སྐབས་གཉིས་པའང་༢༠༡༠་ལོ་ནས་མཚམས་ཆད་ཡོད། རྒྱ་ནག་གཞུང་གིས་བོད་རྒྱ་མི་རིགས་གཉིས་བར་འཁོན་འགྲས་འབྱུང་གཞིའི་བསམ་སྤྱོད་རྒྱང་དུ་དོར་ཏེ་བོད་མིའི་ལུགས་མཐུན་གྱི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབ་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། ཡང་སྒོས་སུ་རྒྱ་ནག་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་ནོར་འཁྲུལ་སྲིད་ཇུས་མཚམས་འཇོག་ཡོ་བསྲང་ཡོང་བའི་སྐུལ་འདེབས་ཀྱི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད་པ་དང་། བོད་ནང་གི་བོད་པའི་མི་རབས་གསར་པ་རྣམས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པར་བློ་འཚབ་ཡོད་པ་སོགས་གསུངས་ཡོད་པ་རེད།

T031022KLGp6.jpg
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་རྒྱ་ནག་གཞུང་གིས་བོད་ནང་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། མི་དམངས་སྤྱི་ཁང་། རིག་གནས་གསར་བརྗེ། དམག་ཁྲིམས་བསྡམས་པ་ཟེར་བ་སོགས་བརྒྱུད། བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་རང་དབང་ཚུན་ཆད་བཙན་འཕྲོག་བྱས་ཏེ་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་བོད་མི་ཚིར་མནར་གཅོད་ཚད་མེད་བཏང་བ་མ་ཟད། བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་པ་གསུངས་གནང་སོང་།

T031022KLGp7.jpg
ཡང་མཛད་སྒོའི་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Amarendra Dhari Singh)་ལགས་ཀྱིས། ད་སྐབས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཡིན་པ་ཙམ་མ་ཟད། རྒྱ་གར་ལ་ཡང་དྲག་རྒོལ་བྱེད་ཀྱི་ཡོད་པས། རྒྱ་གར་གཞུང་ཕྱོགས་ནས་དོན་ཕན་ལྡན་པའི་བརྡ་ལན་སྤྲོད་རྒྱུའི་དུས་ལ་བབ་ཡོད་ཅེས་དང་། རྒྱ་གར་ནང་ཡོད་པའི་དཀའ་ངལ་ཡོད་རིགས་བཙན་བྱོལ་བོད་མི་ཚོར་རྒྱ་གར་གཞུང་གིས་ལྟ་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ལ། ངོས་ནས་ཀྱང་བོད་དང་འབྲེལ་བའི་གནད་དོན་ཅི་འདྲ་ཞིག་ཡིན་རུང་རྒྱབ་སྐྱོར་བྱེད་རྒྱུའི་མཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་གནང་སོང་།
གཞུང་འབྲེལ་མཛད་སྒོ་ཚར་རྗེས། བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སླད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་(kacheri)་བར་གོམ་བགྲོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་ཡོད་པ་མ་ཟད། བོད་མི་གནས་ཡུལ་འཛམ་གླིང་ཡུལ་གྲུ་གཞན་ཁག་ཏུ་ཡང་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། འོན་ཀྱང་བལ་ཡུལ་ཁུལ་དུ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས་རྒྱལ་ས་ཀཏ་མན་ཀྲོའུ་(kathmandu)་ནང་གནས་སྡོད་བོད་མི་ཚོས་ཉིན་དེར་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པ་བལ་ཡུལ་གཞུང་གིས་བཀོད་ཁྱབ་བཏང་བར་བརྟེན་བོད་མི་ཚོ་སོ་སོའི་ས་གནས་སུ་འཛོམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎