བཞུགས་སྒར་དུ་རྒྱ་གར་གྱི་དམངས་གཙོ་དུས་དྲན་སྲུང་བརྩི།
2013.01.26
༄༅༎དེ་རིང་ཕྱི་ལོ་ ༢༠༡༣ ཟླ ༡ ཚེས་ ༢༦ ཉིན་འདི་ནི། རྒྱ་གར་ནང་རྩ་ཁྲིམས་གཏན་ལ་ཕབ་སྟེ་དམངས་གཙོའི་ལམ་ལུགས་དབུ་བརྙེས་ནས་ལོ་ངོ་༦༤འཁོར་བའི་དུས་དྲན་ཡིན་པར་བརྟེན། རྒྱ་གར་རྒྱལ་ཡོངས་སུ་དུས་དྲན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། བཞུགས་སྒར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་མཉམ་བཞུགས་ཀྱིས། རྒྱ་གར་གྱི་དམངས་གཙོ་དུས་དྲན་ཐེངས་༦༤པ་སྲུང་བརྩི་ཞུས་ཡོད་པ་དང༌། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། རྒྱ་གར་གཞུང་དམངས་གཉིས་ནི་བོད་མི་ཚོར་བཀའ་དྲིན་ཆེ་ཤོས་ཤིག་ཡིན་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་མང་ཤོས་རྒྱ་གར་ནང་གནས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཡང་རྒྱ་གར་ནང་རྟེན་གཞི་བྱེད་བཞིན་ཡོད་པ། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་ཚོར་སྔ་ཕྱི་བར་གསུམ་དུ་མཐུན་འགྱུར་རོགས་རམ་དང་། དུས་རྟག་ཏུ་བོད་མི་ལ་བརྩེ་སེམས་དང་བོད་མིའི་རྩ་དོན་ཐད་དོ་སྣང་དང་རྒྱབ་སྐྱོར་གནང་བར་རྒྱ་གར་གཞུང་མང་གཉིས་ཀར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག།