བོད་ནང་གི་བོད་མི་ཚོས་འཁྲུངས་སྐར་སྲུང་བརྩི་གནང་འདུག
2017.07.06
བོད་ནང་གི་ས་ཁུལ་ནང་པོར་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་༧གོང་ས་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། བོད་ནང་གི་ས་ཁུལ་ནང་པོར་བོད་མི་ཚོས་ཚེས་༦་ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་ཡིན་པར་བརྟེན་དོ་སྣང་ཆེན་པོས་རྒྱ་ནག་གཞུང་གིས་དམ་དྲག་ཡོད་མིན་ལ་མ་བལྟོས་བར་དགོན་པར་མཆོད་མཇལ་དུ་འགྲོ་བ་དང་། བསང་མཆོད་བྱེད་པ། ཁྱིམ་ཚང་དང་དགོན་པ་སོགས་སུ་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་འདོན་པ་སོགས་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་༧གོང་ས་མཆོག་དགུང་ལོ་གྱ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་དང་། དཔེར་ན། མདོ་སྨད་རྔ་བའི་ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་དུ་དེང་སྐབས་དབྱར་ཁའི་ཆོས་འཚམ་ལ་འཁེལ་ཡོད་པའི་རྐྱེན་གྱིས་དགེ་འདུན་པ་ཆ་ཚང་འཛོམས་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན། ཚོགས་དབུས་སུ་དགེ་འདུན་པ་༦༠་ལྷག་ཕེབས་སྟེ་བླ་མ་མཆོད་པའི་ཆོ་ག་སྒོ་ནས་ཚོགས་མཆོད་སོགས་འབུལ་ནས་༧གོང་ས་མཆོག་གི་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་སྨོན་ལམ་གསུངས་འདོན་གནང་འདུག
བོད་མི་ཞིག་གིས་བརྗོད་དོན། ཚེས་༦་ཉིན་རྒྱལ་ས་ལྷ་སའི་ས་གནས་གང་སར་མངོན་གསལ་མེད་པའི་ཐོག་རྒྱ་གཞུང་གིས་དམག་མི་དང་གསང་བའི་མི་སྣ་མང་པོ་འགྲེམས་འཇོག་བྱས་ཡོད་ཀྱང་། ཞོགས་པ་སྔ་བོ་ནས་བོད་མི་ཚོས་ཇོ་ཁང་མདུན་དུ་གསང་གསོལ་གཏོང་བ་དང་མཆོད་མཇལ་བྱེད་པ་ནི་དམིགས་བསལ་བ་ཞིག་འདུག་བརྗོད་བྱུང་།
ད་དུང་དེང་རབས་ཆ་འཕྲིན་དུས་སྐབས་འདིར་བོད་ནང་གི་བོད་མི་མང་པོས་སྐད་འཕྲིན་དང་། ཝེ་པོ་སྤྱི་ཚོགས་དྲ་བ་སོགས་སུ་བོད་ཡིག་གི་ལམ་ནས་འཁྲུངས་སྐར་ཆེད་ཤིས་ཚིག་འབུལ་བ་སོགས་ཀྱི་ལམ་ནས་འཁྲུངས་སྐར་སྲུང་བརྩི་གནང་འདུག དེ་ཡང་བོད་མི་ཞིག་གིས། ཁྱེད་ནི་ཕ ཡིན་བྱམས་པའི་མ་ཡིན། སེམས་ཀྱི་ལྷ་ཡིན་གཙུག་གི་ནོར་ཡིན། ཞེས་དང་། ད་དུང་གཞན་ཞིག་གིས། སྐུ་འགྱུར་མེད་རི་བོ་བཞིན་དུ་བརྟན། གསུངས་སྒྲ་དབྱངས་འཛམ་བུ་གླིང་དུ་གྲགས། ཐུགས་བྱམས་པས་འཛམ་གླིང་ཞི་བདེ་བསྐྲུན། ཁྱེད་སྐུ་ཚེ་སྐལ་བརྒྱར་བརྟན་པར་སྨོན། ཞེས་སོགས་ཀྱི་ཤིས་ཚིག་འདྲ་མིན་སྤེལ་འདུག
གསར་འགོད་པ་ཀླུ་འབུམ།