སྲིད་སྐྱོང་བས་ལོ་གཅིག་གི་ནང་འཐུས་ཤོར་ཕྱིན་མེད་ཟེར།

བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ཐུགས་འགན་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་གྲུབ་འབྲས་དང་བྱས་རྗེས་ཆེན་པོ་མེད་ཀྱང་འཐུས་ཤོར་ཡང་ཕྱིན་མེད་པ་བརྗོད་འདུག

2012.08.08

༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ་གཟའ་སྐར་དགེ་བའི་ཉིན་བློ་བཟང་སེངྒེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་ཁུར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་དང་། ད་བར་ལས་དོན་གནང་བ་ཁག་ལ་བསྐྱར་ཞིབ་ཀྱིས་གྲུབ་འབྲས་ཐོན་པ་ཁག་ཅིག་ལ་ངོས་འཛིན་དང་མུ་མཐུད་མདུན་བསྐྱོད་གནང་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་ནང༌།ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པ་ལ་བརྟེན་ནས། བཀའ་བློན་ཁྲི་པར་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་དེ་འཇམ་ལྷིང་ངང་འགྲོ་ཐུབ་པ་བྱ་རྒྱུའི་ལས་འགན་བབས་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱིས་ཆིག་བསྒྲིལ་དང༌། སེམས་ཁུར་མཉམ་བསྐྱེད། རྒྱབ་སྐྱོར་བཅས་གནང་བ་ལ་བརྟེན་ནས་ལས་འགན་དེ་གང་ལེགས་གྲུབ་དང་འགྲུབ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།ཡང་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ནང༌། འགོ་འཁྲིད་འཕོ་འགྱུར་གྱི་དུས་ཚིགས་དེའང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་ཀྱི་ཚབས་ཆེའི་གནས་ཚུལ་བྱུང་འགོ་ཚུགས་པའི་སྐབས་སུ་འཁེལ་ཡོད་པ་དང༌། ད་བར་ རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ ༤༦ བྱུང་བ་ནས་གཅིག་མ་གཏོགས་གཞན་ཚང་མ་ཕྱི་ལོ་ ༢༠༡༡ ཟླ་ ༣ རྗེས་སུ་བྱུང་ཡོད།་པས་བཀའ་ཤག་ངོས་ནས་བོད་མི་ཚོར་ཚབས་ཆེའི་ལས་འགུལ་དེ་རིགས་སྤེལ་མི་དགོས་པའི་འབོད་སྐུལ་གནང་ཡོད་ཀྱང༌། གནས་ཚུལ་དེ་ཡོང་དགོས་པའི་འགན་ཁག་གཙོ་བོ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ཁོ་ན་ཡིན་པ་ནན་བརྗོད་གནང་འདུག། དེ་དང་ཕྱོགས་མཚུངས་འདས་པའི་ལོ་གཅིག་གི་དུས་ཡུན་ནང་ལས་དོན་སྣ་མང་ཐོག་འབད་བརྩོན་ཇི་ཞུས་དང་གྲུབ་འབྲས་ཇི་སོན་སྙན་གསན་ཞུས་གནང་བའི་ནང༌། བཀའ་ཤག་སྐབས་༡༤པས་ཕྱག་སྦྲེལ་བཀའ་བློན་རྣམ་པ་རྒྱལ་ཁབ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་ཆེད་བཏང་གནང་ཡོད་པ་མ་ཟད། བཀའ་ཁྲི་མཆོག་གིས་འདས་པའི་ཟླ་བ་བཅུ་གཉིས་ཀྱི་དུས་ཡུན་ནང་གླིང་ཆེན་བཞིའི་ནང་གྲོང་ཁྱེར་ཆེ་ཁག་བཅུ་བདུན་ཙམ་ནང་ཆེད་བསྐྱོད་ཀྱིས་གཞུང་གི་གནད་ཡོད་མི་སྣ་དང༌། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་མཚོན་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་བདེན་རྒྱབ་ཡོང་བའི་འབོད་སྐུལ་ཞུས་ཡོད་སྐོར་གསུངས་བཞག།

དེ་བཞིན་ལས་འཆར་གསར་གཏོད་དང༌། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་དོན་གནང་ཕྱོགས།  སྤྱི་ཚོགས་ནང་ཁུལ་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་གནང་བ་དང༌། ཤེས་ཡོན་ཡར་རྒྱས་གཏོང་ཐབས། རྒྱ་གར་ནང་གནས་སྡོད་ བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ལོ་ལྔ་རེའི་བར་དུས་འགྱངས་ཞུ་ཆོག་པའི་བཀའ་འཁྲོལ་ཐོབ་པ་དང། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་གཉིས་ཚོགས་ཟིན་པ་དང༌། ཕྱི་ཟླ་ ༡༢ པའི་ནང་ཡང་བསྐྱར་བསྐོང་ཚོགས་གནང་རྒྱུ་སོགས་ཀྱི་སྐོར་བཀའ་བློན་ཁྲི་པའི་གསུང་བཤད་ནང་འགྲེལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎